གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་དོ་སྣང་མ་བྱེད་ཚེ་ཉམ་ཉེས་ཚབས་ཆེན་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག
2020.11.12
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་འཛམ་གླིང་གི་དབུ་ཁྲིད་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཛ་དྲག་གདོང་ལེན་གནང་དགོས་པའི་འབོད་སྐུལ་དང་མཉམ་སྐྱེ་ཁམས་གཏོར་བཤིག་གིས་མི་འབོར་ཐེར་འབུམ་མང་པོ་དང་ས་ཡི་གོ་ལར་ཉམས་ཉེས་ཚབ་ཆེན་ཕོག་རྒྱུ་ཡིན་པ་བཀའ་གནང་འདུག
དེ་ཡང་དབྱིན་ཡུལ་གྱི་(Channel 4 News)དང་(the་Guardian)གསར་ཁང་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤྱི་ཟླ་༡༡པའི་ཚེས་༡༡ཉིན་འདོན་སྤེལ་བྱས་པ་དེའི་ནང་། ༧གོང་ས་མཆོག་གིས་འཛམ་གླིང་གི་དབུ་ཁྲིད་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཛ་དྲག་གི་གདོང་ལེན་གནང་དགོས་བའི་འབོད་སྐུལ་དང་། སྐྱེ་ཁམས་གཏོར་བཤིག་གིས་མི་འབོར་ཐེར་འབུམ་མང་པོའི་འཚོ་བ་དང་། ས་ཡི་གོ་ལར་ཉམས་ཉེས་ཚབ་ཆེན་ཕོག་ངེས་ཀྱི་ཉེན་བརྡ་བཏང་གནང་ཡོད་པ་མ་ཟད། གོ་ལའི་ཚ་དྲོད་རྒྱས་པ་ནི་དོ་གལ་ཆེན་པོ་བྱ་དགོས་ཀྱི་གནད་དོན་ཞིག་ཡིན་པ་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོའི་ཁྲོད་ནས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་མཛད་འཁུར་ཆེ་ཤོས་བཞེས་མཁན་གྲས་སུ་ཡོངས་གྲགས་ངོས་འཛིན་ཞུ་བཞིན་ཡོད་པ་དང་། རྒྱུན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ཙམ་གྱིས་འགྲོ་བ་མི་ཐེར་འབུམ་ལྷག་ཡོད་པ་དེ་དག་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་པ་དང་། ཇི་ཙམ་གྱིས་གཞན་ཕན་གྱི་བསམ་བློའི་འདུ་ཤེས་ཆེ་རུ་སོང་བ་དེ་རྩིས་ཀྱི་གོ་ལའི་ཁོར་ཡུག་བདག་གཅེས་ཀྱི་ནུས་པ་ཆེ་བ་འབྱུང་རྒྱུ་ཡིན་པ་བཀའ་གནང་གི་ཡོད་ལ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཨ་རིའི་ NPR རླུང་འཕྲིན་ལས་ཁང་ལ། ཉེ་དུས་ཚན་རིག་པ་ཚོས་ཟླ་བའི་གྲོང་ཁྱེར་ནང་རློན་གཤེར་ཡོད་པའི་ཚོད་དཔག་བྱས་ཡོད་ན་ཡང་། འགྲོ་བ་མི་རྣམས་ཀྱི་གནས་ཡུལ་ནི་འཛམ་གླིང་འདི་ལས་མེད་སྟབས། འཛམ་གླིང་གི་ཁོར་ཡུག་ལ་བདག་གཅེས་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཇར་མན་ནིའི་གསར་འགོད་པ་གྲགས་ཅན་ Franz Alt ཟུང་སྦྲེལ་གྱིས་ལྗགས་རྩོམ་གནང་པའི་ (ང་ཚོའི་ཁྱིམ་ཚང་གཅིག་པུ། འཛམ་གླིང་ཡོངས་ལ་གོ་ལའི་གནམ་གཤིས་འགྱུར་བགྲོད་ཐད་སྐུལ་མ།) Our Only Home: A Climate Appeal To The World ཞེས་པའི་ཕྱག་དེབ་དེ་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཡོད་པ་ Bloomsbury དཔེ་དེབ་དཔར་སྐྲུན་ཁང་ནས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་འདོན་སྤེལ་གནང་ཡོད་པ་རེད།
དབྱིན་ཇིའི་ (Channel 4 News)དང་(the་Guardian)ལ་བཀའ་ལན་བསྩལ་བའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱི་རེ་བར་མཚོན་ཆ་དང་དམག་འཁྲུག་གི་ཆེད་འགྲོ་སོང་ཚོད་མེད་གཏོང་བཞིན་པའི་རྒྱལ་ཁབ་ཆེན་པོ་ཚོས། ད་ཆ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐོག་གཏོང་བའི་དུས་སུ་བབ་ཡོད་པར་དགོངས་ཀྱི་ཡོད་ཅེས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། གནད་དོན་འདི་ཚོའི་ཐོག་འགན་ལེན་ཆེ་ཙམ་ལེན་དགོས་པ་བཀའ་གནང་འདུག་ལ། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་དཀའ་རྙོག་མང་ཆེ་བ་ནི་ང་དང་ཁྱོད། ངའི་ཡུལ་ལུང་དང་གཞན་གྱི་ཡུལ་ལུང་། ངའི་ཆོས་ལུགས་དང་ཁྱེད་ཚོའི་ཆོས་ལུགས་སོགས་ནང་ཁུལ་དབྱེ་འབྱེད་ཀྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་པ་དེ་དོར་ནས་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གསོ་སྐྱོང་བྱ་གལ་ཆེ་བ་དང་། དེ་ཡང་ཤེས་ཡོན་ལམ་ལུགས་ཀྱི་ཐོག་ནས་ཡོང་དགོས་པ་བཀའ་གནང་འདུག
ཡང་དབྱིན་ཇིའི་གསར་ཁང་དེ་གཉིས་ཀྱིས་རྒྱ་ནག་མཉམ་དུ་བོད་ཞི་བདེ་འཆམ་མཐུན་ངང་གནས་ཐུབ་མིན་གྱི་ཐོག་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟ་དོན་དངོས་ཐོག་རྒྱ་ནག་ནི་ནང་པ་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཀྱི་ཡོད་པས། ཏན་ཏན་མཉམ་གནས་ཐུབ་ངེས་ཡིན་པ་བཀའ་གནང་པ་དང་། ཡང་༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་དྲི་བར་དེ་ནི་མི་མང་ལ་རག་ལུས་པ་ལས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་སྒེར་གྱི་དོ་ཁུར་གནང་ཡུལ་ཞིག་མིན་པ་གསུངས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ངོས་ནས་སྐུ་ཚེ་འདིར་གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཐོགས་སྒྲུབ་ཐབས་བྱ་རྒྱུ་དེ་ཡིན་པ་བཀའ་ལན་གནང་འདུག
ཕྱི་ཚེས་༡༠ཉིན་རོཡེ་ཀྲརསི་གསར་སྤེལ་ཁང་གིས་མཚོ་སྔོན་མདོ་ལ་ནས་རྒྱ་ནག་གི་ཚན་རིག་ཞིབ་འཇུག་པ་ཚོས་སྤེལ་བའི་གྲུབ་དོན་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚན་རིག་པ་ཚོས་འཛམ་གླིང་གི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པའི་རྐྱེན་གྱིས་བོད་མཚོ་སྔོན་མདོ་ལ་རི་རྒྱུད་ཀྱི་འཁྱགས་རོམ་ཐོག་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེས་ས་ཁུལ་མང་པོའི་ནང་འཐུང་ཆུ་མི་འདང་བའི་དཀའ་ངལ་ཡང་ཚབས་ཆེན་དུ་འགྲོ་བཞིན་པར་བརྗོད་འདུག