༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་ཆོག་པའི་རང་དབང་ཕུལ་དགོས།
2017.12.15
རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་བོད་ལ་ཕྱིར་ཕེབས་ཆོག་པའི་རང་དབང་ཕུལ་དགོས་ཅེས་ཨ་རིའི་གྲོས་ཚོཊ་འཐུས་མིས་འབོད་སྐུལ་གནང་འདུག
དེ་ཡང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་ཨ་རིའི་(Massachusett)་ མངའ་སྡེའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ (Jim McGovern)་ གྱིས། རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་ཆོག་པའི་རང་དབང་ཕུལ་དགོས་པ་མ་ཟད། བོད་དོན་དཀའ་རྙོག་སེལ་ཆེད་༧གོང་ས་མཆོག་གི་ལྷན་དུ་ཞི་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་གྱི་གསུང་བཤད་ཞིག་གནང་འདུག། ཁོང་གིས། བདུན་ཕྲག་འདིའི་ནང་འཛམ་གླིང་གི་མི་མང་ཡོངས་ནས་དེ་སྔ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་དུས་ཚིགས་ཁྱད་པར་ཅན་དེ་སྲུང་བརྩི་ཞུས་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་གསལ་བསྒྲགས་དེའི་དོན་ཚན་ ༡༣ པའི་ནང་། འགྲོ་བ་མི་ཚང་མར་རྒྱལ་ཁབ་གཞན་ལ་འགྲོ་བསྐྱོད་ཆོག་པ་དང༌། ཡང་ཕྱིར་རང་གི་རྒྱལ་ཁབ་ལ་ལོག་ཆོག་པའི་རང་དབང་ཐོབ་ཐང་སྤྲད་ཡོད་པ་རེད་ཅེས་དང་། ངོས་རང་ལ་ཆ་བཞག་པ་ཡིན་ནའི་ང་རང་ཨ་རིའི་མི་སེར་ཞིག་ཡིན་པའི་ཆ་ནས་ག་དུས་ཕར་འགྲོ་ཚུར་འོང་གི་རང་དབང་ཐོབ་ཐང་དེ་དག་ཡོད་པ་ཡིན། འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཕྱི་ལོ་ ༡༩༥༩ ་ལོར་བཙན་དབང་གི་འོག་ནས་སྐྱབས་བཅོལ་དུ་ཕེབས་དགོས་པ་ཆགས་པའི་རྗེས་བོད་ལ་ཕྱིར་ལོག་གནང་ཐུབ་མེད། རྒྱ་ནག་གིས་ཕྱི་ལོ་ ༡༩༥༠ ་ཐམ་པའི་ལོར་བོད་ནང་བཙན་འཛུལ་བྱས་པའི་རྐྱེན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བཅོ་ལྔར་ཕེབས་སྐབས་བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་རྩིས་བཞེས་དགོས་པ་བྱུང་བ་དང་། དེ་ནས་བཟུང་མི་ལོ་ ༩ ་ཙམ་ཁོང་གིས་བོད་ཀྱི་རང་དབང་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུའི་འབད་བརྩོན་གང་ཡོང་གནང་ཡོད། འོན་ཀྱང་རྒྱ་ནག་དམར་པོའི་ལོ་མང་གི་བཙན་བཤེད་ལ་བཟོད་སྒོམས་མ་ཐུབ་པར་མཐར་ཕྱི་ལོ་ ༡༩༥༩ ་ཕྱི་ཟླ་ ༣ ་པའི་ནང་བོད་མིའི་རང་དབང་སྒེར་ལངས་གྱི་ངོ་རྒོལ་ལས་འགུལ་ལ་རྒྱ་ནག་གིས་དྲག་གནོན་བྱས་པའི་རྗེས། ༧གོང་ས་ཏཱ་ལའི་བླ་མ་མཆོག་བྲོས་བྱོལ་དུ་ཕེབས་དགོས་པ་ཆགས་ཏེ་དེ་ནས་བཟུང་ཁོང་རྒྱ་གར་གྱི་ས་གནས་རྡ་རམ་ས་ལར་གཏན་འཇགས་ཀྱི་སྐྱབས་བཅོལ་བ་ཞིག་ཆགས་ནས་བཞུགས་དགོས་པ་ཆགས་ཡོད་ཅེས་དང་། དེ་ནས་བཟུང་ཁོང་བོད་ལ་ཕྱིར་ལོག་གནང་ཐུབ་མེད་པ་འམ། ཡང་ནས་དྲང་པོར་བཤད་ན་ཁོང་བོད་ལ་ཕེབས་བཅུག་མེད། ད་ལྟ་ཁོང་དགུང་གྲངས་ ༨༢ ་ལ་ཕེབས་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཁོང་ནི་ཞི་བདེའི་དེད་དཔོན་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། ཁོང་གིས་མི་ལོ་ ༣༠ ་ཙམ་རིང་ཞི་བའི་ཐབས་ལམ་གྱི་ཐོག་ནས་བོད་མིའི་རང་དབང་རྩོད་གླེང་གནང་བའི་མཛད་རྗེས་ལ་བསྔགས་བསྟོད་ཞུ་ཆེད་ ༡༩༨༩ ་ལོར་ནོ་བེལ་ཞི་བདེའི་བྱ་དགའ་དང༌། ཕྱི་ལོ་ ༢༠༠༧ ་ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་གནང་ཡོད།
ཕྱི་ལོ་ ༡༩༥༩ ་ནས་ ༧༩ ་བར་བོད་མི་ཚོས་རང་བཙན་རྩོད་གླེང་བྱས་ཡོད་ཀྱང༌། དེ་རྗེས་༧གོང་ས་ཏཱ་ལའི་བླ་མས་བོད་ཀྱི་དཀའ་ངལ་སེལ་ཆེད་དགོངས་པ་གསར་པ་ཞིག་བཞེས་ཏེ། དེ་ནས་ཕྱི་ལོ་ ༡༩༨༠ ་གྱ་གྲངས་ནས་བོད་རྒྱའི་རྩོད་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་འདོན་གནང་མཛད་ཡོད་ཅེས་གསུངས་འདུག
ཡང་ཁོང་གིས། འོན་ཀྱང་རྒྱ་ནག་གཞུང་གིས་ཞི་བའི་འགྲིག་འཇགས་ཡོང་ཐབས་ཀྱི་གོ་སྐབས་དེ་མ་བླངས་པ་མ་ཟད། དེ་ལས་ལྡོག་ཏེ་དྭོགས་པ་རྣམ་རྟོག་གི་ཐོག་ནས་༧གོང་ས་ཏཱ་ལའི་བླ་མར་མཚན་དམད་ཞུ་བ་དང༌། ཁ་བྲལ་གྱི་བྱ་བ་སྤེལ་གྱི་ཡོད་པའི་གཞི་མེད་སྐྱོན་འཛུགས་བྱེད་ཀྱི་ཡོད་པའི་ཐོག ཡང་ཁོང་༧སྐུ་འཚོ་ཞུགས་མ་བྱུང་བ་འགྱུར་བ་ཡིན་ན། ། བོད་ཀྱི་དཀའ་རྙོག་མེད་པ་ཆགས་ཀྱི་རེད་བསམ་གྱི་ཡོད་ཀྱང༌། ངོས་ནས་དེ་རིང་དྲན་གསོ་ཞིག་བྱ་རྒྱུར། དེང་སྐབས་འཛམ་གླིང་གང་སར་འཐབ་འཁྲུག་གི་རྙོག་ཟིང་ཧ་ཅང་མང་པོ་འབྱུང་བཞིན་པ་དེ་དག་ཕལ་ཆེ་བ་གྲངས་ཉུང་མི་རིགས་དང་ཆོས་དད་རང་དབང་ལ་དྲག་གནོན་བྱས་པའི་འབྲས་བུ་ཆགས་ཀྱི་ཡོད། དེ་འདྲ་ཡིན་ཙང་དེ་འདྲ་མི་ཡོང་བའི་ཆེད་རྒྱ་ནག་ལ་ད་དུང་གོ་སྐབས་ཡོད་པ་ཡིན་ཅེས་དང༌། དེ་འདྲ་ཡིན་ཙང་དེ་རིང་ངོས་ནས་རྒྱ་ནག་ལ་ཐབས་ལམ་གསར་པ་ཞིག་གི་ཐོག་བསྐྱོད་དེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་རང་གི་རྒྱལ་ཁབ་ལ་ཕྱིར་ལོག་གནང་རྒྱུའི་རང་དབང་ཕུལ་དགོས་པ་དང༌། ཁོང་ལ་འཛམ་གླིང་མི་མང་སྤྱི་ཡོངས་ལྟར། འོས་ཤིང་མཚམས་པའི་བརྩི་བཀུར་དང༌། ཁོང་གི་ལྷན་དུ་གྲོས་མོལ་གྱི་ཐོག་ནས་བོད་མིའི་དཀའ་སྡུག་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། ཕྱག་རོགས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཀྱང་༧གོང་ས་ཏཱ་ལའི་བླ་མ་མཆོག་རང་ཡུལ་དུ་ཕྱིར་ལོག་ཐུབ་པ་ཡོང་རྒྱུར་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་རྒྱུའི་རེ་འདུན་ཞུ་གི་ཡོད་ཅེས་གསུངས་འདུག
གསར་འགོད་པ་ངག་ཆོས།