ནད་ཡམས་འགོས་ཁྱབ་རིང་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་འདུག

2021-04-20
Share
ནད་ཡམས་འགོས་ཁྱབ་རིང་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་འདུག འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོར་རྒྱ་ནག་པེ་ཅིང་དུ་ཉེན་རྟོག་པས་སྐོར་སྲུང་། ༥།༣།༢༠༢༠
AFP

རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་འགོས་ཁྱབ་བྱུང་བའི་དུས་ཡུན་རིང་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་ཞིབ་འཇུག་སྙན་ཐོ་བཏོན་འདུག
འདི་ཚེས་༢༠གཟའ་མིག་དམར་ཉིན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders)ཀྱིས་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་། འཛམ་གླིག་ནང་གི་རྒྱལ་ཁབ་ཁག་༡༨༠ཙམ་གྱི་གསར་འགོད་རང་དབང་གི་གནས་སྟངས་ཉམས་ཞིབ་བྱས་པའི་སྐབས། ཏོག་དབྱིབས་ནད་ཡམས་(Covid-19)་ཁྱབ་གདལ་བྱུང་རིང་ཡུལ་གྲུ་བརྒྱ་ཆ་༧༣ཙམ་གྱི་ནང་གསར་འགོད་རང་དབང་གི་གནས་སྟངས་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་ནི་རྒྱལ་ཁབ་༡༨༠ཐམ་པའི་ནང་ནས་མུ་མཐུད་དུ་དྲ་རྒྱ་བཀག་སྡོམ་དང་གསར་འགོད་རང་དབང་ཐད་དམ་དྲག་ཆེན་པོ་བྱེད་པ་བཅས་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་སྡུག་ཤོས་ཨང་༡༧༧པ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༡༩ལོར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་(Covid-19)ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་མཁོ་སྒྲུབ་དང་ཁྱབ་སྤེལ་བྱེད་རྒྱུའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ལྷག་པར་དུ་ཨེ་ཤེ་ཡ་དང་། ཡོ་རོབ། དཀྱིལ་ཤར་ཡུལ་གྲུ་བཅས་ཀྱི་ནང་གསར་འགོད་རང་དབང་གི་གནས་སྟངས་ཞན་པོ་ཆགས་ཡོད་ལུགས་བཀོད་འདུག
གསར་འགོད་མཐུན་ཚོགས་དེའི་སྤྱི་ཁྱབ་དྲུང་ཆེ་(Christophe Deloire)ལགས་ཀྱིས། སྤྱིར་སྟངས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་པོ་འདི་འདྲའི་སྐབས་སུ། མང་ཚོགས་ལ་གནས་ཚུལ་གོ་རྟོགས་སྤེལ་རྒྱུ་དང་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ནའང་། བློ་ཕམ་པ་ཞིག་ལ་རྒྱལ་ཁབ་སོ་སོའི་ནང་ཆབ་སྲིད་དང་། དཔལ་འབྱོར། འཕྲུལ་རིགས་ཀྱི་ཆ་རྐྱེན་སོགས་མང་པོ་ཞིག་གི་ཐོག་ནས་གནས་ཚུལ་ཁུངས་བདེན་མང་ཚོགས་ལ་ཤོད་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པ་དང་། དེ་འདྲའི་གནས་སྟངས་འོག་རིམ་པས་མང་ཚོགས་ཀྱི་ངོས་ནས་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་ལའང་ཡིད་ཆེས་མེད་པའི་རྣམ་པ་བསྟན་པ། དཔེར་ན། ཞིབ་འཇུག་སྐབས་རྒྱལ་ཁབ་ཉི་ཤུ་རྩ་གྲངས་ཞིག་གི་ནང་གི་མང་ཚོགས་བརྒྱ་ཆ་༥༩ཙམ་གྱིས། གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བཞིན་པ་དེ་ནི་ཁུངས་བདེན་ཞིག་མིན་ལུགས་བཤད་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་རེད་ཅེས་གསུངས་ནས། གོང་ཞུས་སྙན་ཐོའི་ནང་། ཏོག་དབྱིབས་ནད་ཡམས་ཀྱི་དུས་སྐབས་སུ་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་དང་། དེས་རྐྱེན་པས་མང་ཚོགས་ཁྲོད་ནས་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་གསལ་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།