རྒྱ་ནག་གཞུང་གིས་བོད་ནང་རིམས་ནད་ཁྲོད་འདས་གྲོངས་སུ་འགྲོ་བཞིན་པའི་གནས་ཚུལ་ཐད་དམ་དྲགས་དང་པར་དང་བརྙན་སོགས་བརྒྱུད་སྐུར་བྱེད་བཅུག་གི་མེད་འདུག


ད་ལྟའི་ཆར་བོད་ནང་རིམས་ནད་ཁྲོད་མུ་མཐུད་མི་སྣ་རྐྱེན་འདས་དང་ནད་ཀྱིས་མནར་བཞིན་པ་ཡོང་གི་ཡོད་པ་བཞིན། ལྷ་སའི་འབྲི་གུང་དུར་ཁྲོད་གཙོས་ཉེ་འཁོར་དུར་ཁྲོད་ཁག་ཏུ་མུ་མཐུད་ཉིན་ལྟར་འདས་གྲོངས་སུ་ཕྱིན་པའི་ཕུང་པོ་༡༥ནས་༢༠་སྐྱེལ་འདྲེན་བྱེད་མཁན་ཡོང་གི་ཡོད་པ་དང་། བོད་ནང་གི་ས་ཁུལ་གང་སར་མི་འདས་གྲོངས་སུ་འགྲོ་བཞིན་པའི་གནས་ཚུལ་ཤེས་རྟོགས་ཡོད་ན་ཡང། ཞིབ་ཕྲའི་གྲངས་ཐོ་སོགས་ཤེས་རྟོགས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སའི་དུར་ཁྲོད་ཁག་ཏུ་རྒྱ་ནག་གཞུང་འབྲེལ་ངོས་ནས་དམ་དྲགས་དང་། པར་དང་བརྙན་སོགས་ལེན་པ་དང་བརྒྱུད་སྐུར་བྱེད་བཅུག་གི་མེད་པ་དང་། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་ཕྱི་ཟླ་༡པོའི་ཚེས་༢་ནས་༣་བར་ལི་ཐང་རྫོང་གི་མངའ་ཁུལ་དུར་ཁྲོད་ཅིག་ཏུ་ཉིན་ལྟར་འདས་གྲོངས་སུ་ཕྱིན་པའི་ཕུང་པོ་དུར་མཇུག་གིས་དུར་ཁྲོད་ཡོངས་སུ་ཁེངས་ནས་ཡོད་འདུག་ལ། འདས་གྲོངས་སུ་འགྲོ་བཞིན་པ་མང་ཤོས་རྒན་རྒོན་དང་ནད་གཞི་ཅན་སོགས་ཡིན་ན་ཡང་། རིམས་ནད་ན་རྗེས་དྲག་སྐྱེད་བྱུང་ཡོད་མཁན་ཁྲོད་དུ་གློ་བུར་འདས་གྲོངས་སུ་མཁན་པ་ཡོད་པ་དང་། དེ་དག་རྒྱུ་རྐྱེན་ག་རེ་ཡིན་སོགས་སྨན་ཁང་དང་སྨན་པ་བསྟེན་གཏུགས་མི་ཐུབ་པས་ཤེས་རྟོགས་ཁག་པོ་ཆགས་ཡོད་སྐོར་བརྗོད་བཞིན་འདུག་ལ། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་མུ་མཐུད་བོད་ནང་གི་ས་གནས་ཁག་གི་འབྲེལ་ཡོད་སྨན་ཁང་ཁག་ལ་འབྲེལ་བ་བྱས་ཀྱང་། ཁ་པར་ཡ་ལེན་བྱེད་མཁན་མེད་པ་དང་ཡ་ལན་བྱས་ཀྱང་རིམས་ནད་སྐོར་གྱི་གནས་ཚུལ་ལ་ལན་འདེབས་བྱས་མ་སོང་།
བོད་ནང་གི་ས་གནས་ཁག་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན་ཕྱི་ཚེས་༧ཉིན་ཁམས་བྲག་གཡབ་ཏུ་མི་གྲངས་༤འདས་གྲོངས་སུ་ཕྱིན་ཡོད་པ་ལས། མི་གཉིས་ས་གནས་སྲིད་གཞུང་གི་ལས་བྱེད་བཟའ་མི་གཉིས་ཡིན་པ་དང་། དེ་མིན་ཕྱི་ཟླ་༡མགོ་སྟོད་ནས་བཟུང་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་ས་ཕྱོགས་གང་ས་ནས་མུ་མཐུད་ཕུང་པོ་སྐྱེལ་ཡོང་མཁན་འབོར་ཆེན་འབྱོར་བཞིན་ཡོད་འདུག་ལ། ཕྱི་ཟླ་༡ཚེས་༩་ཉིན་ཆེད་དམིགས་བླ་རུང་དགོན་པའི་འདུས་སྡེ་ཡོངས་ནས་ནད་རིམས་རྐྱེན་གྱིས་ཚེ་སྲོག་ཤོར་བ་དང་ནད་ཀྱིས་མནར་བའི་ཤི་གསོན་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་དང་སྐུ་རིམ་སོགས་གསུང་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་གི་དཔྱིད་གསར་དུས་ཆེན་དང་འབྲེལ་བོད་ཁུལ་ཡོངས་སུ་རྒྱ་མི་ཡུལ་སྐོར་བ་འབོར་ཆེན་ཡོང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆེད་དམིགས་དགུན་དུས་ཡུལ་སྐོར་བསུ་ལེན་ཆེད། བོད་ནང་གི་མཚོ་བྱང་དང་རྔ་བ་སོགས་སུ་གངས་འཁྱགས་རྩེད་ཡུལ་མང་པོ་བཟོ་སྐྲུན་བྱས་ཏེ་ཡུལ་སྐོར་བ་ཡོང་ཆེད་ཁྱབ་བསྒྲགས་ཤུགས་ཆེར་བྱེད་བཞིན་འདུག་ལ། དེ་མིན་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཉིན་ཤས་སྔོན་ནས་བཟུང་དགུན་དུས་རིང་ཡུལ་སྐོར་ལྟེ་གནས་ཁག་རིན་མེད་ཡིན་པ་སོགས་བསྒྲགས་ཡོད་པ་རེད་ལ། ཕྱི་ཟླ་༡ཚེས་༡༠་ནས་བཟུང་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་བསྟུན་རྒྱ་ནག་རྒྱལ་ཡོངས་སུ་མི་གྲངས་ས་ཡ་མང་པོ་འགྲུལ་བཞུད་དུས་ཚིགས་ལ་འཁེལ་ཡོད་སྟབས། རྒྱ་ནག་གི་རིམས་ནད་ཆེད་མཁས་པ་ཅའོ་ཡ་ཧུའོ་ཟེར་བ་ཞིག་གིས། དཔྱིད་གསར་དུས་ཆེན་གྱི་མི་འབོར་འགྲུལ་སྐྱོད་དང་འབྲེལ་རིམས་ནད་ཀྱི་མཐོ་རླབས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་གྲོང་གསེབ་དང་གྲོང་བརྡལ་ཁག་ལ་ཤུགས་ཆེར་ཁྱབ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།