ལྷ་ས་གཙོས་བོད་ཀྱི་ས་ཁུལ་གཞན་གྱི་ནང་ཏོག་དབྱིབས་གྲངས་འབོར་མུ་འཐུད་འཕར་བཞིན་འདུག

ལྷ་སར་ཉིན་གྲངས་གསུམ་རིང་དུག་སེལ་བྱེད་རྒྱུ་ཡིན་ལུགས་བརྗོད་འདུག་ཅིང་། མང་ཚོགས་ཀྱི་འགྲོ་འདུག་ལ་དམ་དྲག་བྱེད་བཞིན་ཡོད་ཀྱང་། བརྟག་དཔྱད་བྱ་ཡུལ་ཁག་ཏུ་དགོས་ངེས་སྤྱི་ཚོགས་རྒྱང་ཐག་རྩ་བ་ནས་མེད་པ་མཐོང་རྒྱུ་འདུག
2022.08.12
Share on WhatsApp
Share on WhatsApp
ལྷ་ས་གཙོས་བོད་ཀྱི་ས་ཁུལ་གཞན་གྱི་ནང་ཏོག་དབྱིབས་གྲངས་འབོར་མུ་འཐུད་འཕར་བཞིན་འདུག
Photo: RFA

ཕྱི་ཟླ་ ༨ ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་ས་ཆ་ཁག་ཅིག་ནང་ཏོག་དབྱིབས་རིམས་ནད་འགོས་མཁན་མུ་འཐུད་མང་རུ་ཕྱིན་འདུག་ཅིང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་གསལ་བསྒྲགས་བྱས་པའི་ནང་ཚེས་༡༢ ཀྱི་ཐོ་རེངས་ཆུ་ཚོད་གསུམ་པ་ནས་ཚེས་༡༥ ཡི་ཐོ་རེངས་ཆུ་ཚོད་གསུམ་པ་བར་ལྷ་སའི་གྲོང་ཁུལ་གཙོ་བོར་གྱུར་པའི་ས་ཁུལ་ཁག་ཅིག་ཏུ་དུག་སེལ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག དུག་སེལ་གྱི་དུས་ཡུན་དེའི་རིང་ཕྱི་ཕྱོགས་སུ་གང་བྱུང་འགྲོ་མི་དགོས་པ་གཙོ་བཟུང་བྱེད་དགོས་པ་དང་། འདུ་འཛོམས་སོགས་མི་ཆོག་པའི་བཀའ་རྒྱ་བཏང་འདུག
ནད་རྟགས་ཐོན་པའི་ནད་པ་རྣམས་ལྷ་སར་ཆེད་མངགས་བཙུགས་པའི་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་ཟུར་དུ་སྨན་བཅོས་ཁང་དུ་ཟུར་བཀག་བྱེད་བཞིན་འདུག་ལ། མི་དམངས་བྱིངས་གཞིར་བརྟག་དཔྱད་མུ་འཐུད་བྱེད་བཞིན་འདུག འོན་ཀྱང་རྒྱ་ནག་གི་ས་ཁུལ་ཁག་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་ཚུལ་བྱུང་སྐབས་མི་ཊར་གཉིས་མིན་ཙམ་གྱི་རྒྱང་ཁྱད་བཞག་ནས་བརྟག་དཔྱད་ཀྱི་ལས་གཞི་སྤེལ་ཡོད་ན་ཡང་། ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་ནང་རྒྱང་ཁྱད་རྩ་བ་ནས་མེད་པར་ཧ་ལམ་མི་ཕན་ཚུན་འཚང་ཁ་ཤིག་ཤིག་གིས་བརྟག་དཔྱད་བྱ་ཡུལ་ཁག་ཏུ་བང་སྒྲིག་བཞིན་པ་མཐོང་རྒྱུ་འདུག
ཚེས་༡༢རེས་གཟའ་པ་སངས་ཉིན་གྱི་ཆུ་ཚོད་༡༢བར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་གི་ནང་ཏོག་དབྱིབས་རིམས་ནད་འགོས་པ་ཁྱོན་མི་གྲངས་༡༤༧བྱུང་ཡོད་པའི་ཁོངས་སུ་ནད་རྟགས་ཐོན་པ་༢༠དང་། ནད་རྟགས་མི་མངོན་པ་ ༡༢༧ བྱུང་ཡོད་ལུགས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་ཡིག་ཚང་ནས་གནས་ཚུལ་སྤེལ་འདུག
ད་ལྟའི་འཆར་རང་སྐྱོང་ལྗོངས་ཡོངས་སུ་སློབ་གྲྭ་ཆེ་ཆུང་བསྡོམས་༣༣༣༩ཡོད་པ་ནས་སློབ་གྲྭ་༢༩༥ལ་ཕྱི་ཕྱོགས་སུ་འབྲེལ་བ་མེད་པའི་དོ་དམ་ཐོག་ནས་སློབ་གྲྭ་འགོ་ཚུགས་ཡོད་འདུག་ན་ཡང་། དེ་འཕྲོས་སློབ་གྲྭ་མང་ཆེ་བ་གཟའ་འཁོར་རྗེས་མ་ནས་དྲ་ལམ་བརྒྱུད་སློབ་ཁྲིད་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག  ཡང་ཚེས་༡༢ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཏོག་དབྱིབས་རིམས་ནད་གསར་དུ་ཕོག་པ་མི་༢༩དང་མངའ་རིས་སུ་༡༦ ཆབ་མདོར་ ༣ ལྷོ་ཁར་༣  ནག་ཆུར་མི་༢བཅས་ཁྱོན་མི་གྲངས་༥༣ཕར་སྣོན་བྱུང་འདུག་ཅིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་དུ་ཏོག་དབྱིབས་ནད་འབུ་འགོས་པའི་ནད་པ་གཅིག་བྱུང་འདུག

 བོད་ཀྱི་རྒྱལ་ས་ལྷ་ས་དང་གྲོང་ཁྱེར་གཞིས་ཀ་རྩེ།  མངའ་རིས་སོགས་རྒྱ་ནག་ནས་ཡུལ་སྐོར་བ་སྐྱོད་ཡུལ་གཙོ་བོའི་ས་གནས་ཁག་ནང་ཏོག་དབྱིབས་འགོས་ནད་འདི་ཐོག་མར་ཐོན་ཡོད་པས།   ས་ཁུལ་འདི་དག་གི་མགྲོན་ཁང་མང་པོའི་ནང་རིམས་ནད་འགོས་ཟིན་པའི་མི་དང་འབྲེལ་བ་བྱུང་བ་ཁག་དང་། དེ་བཞིན་ཏོག་དབྱིབས་འགོས་ནད་ཕོག་ཡོད་རུང་ནད་རྟགས་མི་མངོན་པའི་མི་སྣ་སོགས་ཁག་བགོས་ཀྱིས་ཟུར་བཀག་བྱས་ཡོད་པ་བོད་ནས་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ།   ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས།  བོད་ནང་མཚོན་ན་མདོ་དབུས་ཁམས་གསུམ་གྱི་བོད་མི་གངས་རིན་པོ་ཆེར་གནས་མཇལ་དུ་སྐྱོད་མཁན་དང་། དེ་མིན་བོད་ཀྱི་མཐའ་མཚམས་ཀྱི་ས་ཁུལ་དུ་སྐྱོད་མཁན་ཡིན་ཚེ་མཐའ་མཚམས་ལ་སྐྱོད་ཆོག་པའི་ལག་འཁྱེར་བཟོ་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད་ན་ཡང་། རྒྱ་ནག་ནས་ཡོང་མཁན་རྒྱ་མི་ཚོར་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་འགྲོ་རྒྱུའི་ལག་འཁྱེར་ལས་སླ་པོའི་ཐོག་ནས་ཐོབ་ཀྱི་ཡོད་སྟབས། དབྱར་ཁའི་དུས་སུ་རྒྱ་ནག་ནས་ཡུལ་སྐོར་བ་ཧ་ཅང་མང་པོ་གནམ་གྲུ་དང་རི་ལི།  སྤྱི་སྤྱོད་མོ་ཊ་དང་སྒེར་གྱི་མོ་ཊ་སོགས་བརྒྱུད་དེ་བོད་ནང་ཡོང་མཁན་ཧ་ཅང་མང་པོ་ཡོད་པ་བརྗོད་ཀྱི་འདུག དེ་བཞིན་ཁོང་གིས་མུ་འཐུད། སྒེར་གྱི་མོ་ཊ་བཏང་ནས་ཡོང་མཁན་མང་པོས་མཚོ་སྔོན་དང་ཟི་ཁྲོན་བརྒྱུད་དབུས་གཙང་ཕྱོགས་སུ་ཡོང་བ་དང་། ཡང་མངའ་རིས་ནས་ཤིན་ཅང་དུ་འགྲོ་མཁན་ཡང་མང་པོ་ཡོད་པ་འདི་དག་ཐོག་སྟངས་འཛིན་དམ་དྲག་གང་ཡང་མེད་སྟབས། ཁོང་ཚོ་ནི་བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་འབྱུང་རྩ་ཡིན་པར་བོད་མི་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་བརྗོད་ཀྱི་འདུག་ལ།  འོན་ཀྱང་ད་ཆ་བོད་ནང་ནད་ཡམས་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་རྒྱ་མི་ཡུལ་སྐོར་བ་དེ་དག་འགྲིམ་འགྲུལ་གྱི་འཆར་གཞི་ལྟར་འགྲོ་ཐུབ་ཀྱི་མེད་པ་བརྗོད་བྱུང་།   ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཡུལ་སྐོར་ལས་ཁུངས་ནས་བརྡ་ཁྱབ་ཅིག་བཏང་ཡོད་པ་དེའི་ནང་བོད་ལ་ནད་ཡམས་ཁྱབ་གདལ་ཕྱིན་པར་བརྟེན་གནས་སྐབས་ཤིག་རིང་ཡུལ་སྐོར་བར་སྣེ་ལེན་བྱ་རྒྱུ་མིན་པ་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎