སྦེ་ལ་ཀོ་པི་གཞིས་ཁུངས་སུ་ཏོག་དབྱིབས་ནད་པ་༡༦༤ཡོད་པའི་ཁྲོད་ལོ་ན་འབྲིང་བ་དང་རྒན་པ་མང་ཤོས་ཡིན་པ།

2021-07-31
Share
སྦེ་ལ་ཀོ་པི་གཞིས་ཁུངས་སུ་ཏོག་དབྱིབས་ནད་པ་༡༦༤ཡོད་པའི་ཁྲོད་ལོ་ན་འབྲིང་བ་དང་རྒན་པ་མང་ཤོས་ཡིན་པ། འདི་ཚེས་༣༠ཉིན་གཞིས་ཁུངས་འདིར་བོད་མི་ཏོག་དབྱིབས་ནད་པའི་གྲངས་ ༡༦༤ ཡོད་པ་དང་། དེ་ལས་ནད་པ་ལོ་ཆུང་ཤོས་ལོ་ ༡ དང་ཆེ་ཤོས་ལོ་ ༩༢ ཡིན་པ་།
Photo: RFA

རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ནང་། ཕྱི་ཟླ་༧ཚེས་༡༠ཙམ་ནས་བོད་མིར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་མང་དུ་ཕྱིན་ཏེ། ཁྱིམ་སྡོད་བཀའ་རྒྱ་རིམ་པ་གཉིས་བསྡམས་ཟིན་ཡོད་མོད། ད་དུང་གནས་སྟངས་ཇེ་བཟུང་དུ་མ་ཕྱིན་པར་བརྟེན། ཕྱི་ཟླ་༨ཚེས་༡ནས་༨ཁྱིམ་སྡོད་བཀའ་རྒྱ་མུ་མཐུད་ཕར་འགྱངས་གནང་ཡོད་ཅིང་། འདི་ཚེས་༣༠ཉིན་གཞིས་ཁུངས་འདིར་བོད་མི་ཏོག་དབྱིབས་ནད་པའི་གྲངས་ ༡༦༤ ཡོད་པ་དང་། དེ་ལས་ནད་པ་ལོ་ཆུང་ཤོས་ལོ་ ༡ དང་ཆེ་ཤོས་ལོ་ ༩༢ ཡིན་པ་དང་། ནད་པ་མང་པོ་ཞིག་དེ་སྔོན་འགོག་ཁབ་རིམ་པ་དང་པོ་བརྒྱབས་ཟིན་ཁར། ཁག་ཅིག་ལ་རིམ་པ་གཉིས་པའང་བརྒྱབས་ཟིན་པ་སྣ་ཚོགས་ཤིག་ཡོད་ཅིང་། དེའི་སྐོར་སྦེ་ལ་ཀོ་པི་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་རིག་འཛིན་རྣམ་རྒྱལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་རྒྱ་གར་གཞུང་གིས་ལམ་སྟོན་གཞིར་བཟུང་བྱས་ན་Covidshieldཡི་སྔོན་འགོག་སྨན་ཁབ་ཐུན་གཉིས་བརྒྱབ་དགོས་པ་དང་། ཐུན་གཉིས་ཀྱི་བར་ལ་ཟླ་གསུམ་བར་མཚམས་བཞག་དགོས་པ་ཞིག་ཡིན་ན་ཡང་། གལ་སྲིད་མི་ཞིག་ལ་སྨན་ཁབ་ཐུན་དང་པོ་བརྒྱབས་ཚར་བའི་རྗེས། ནད་པ་ཆགས་པ་ཡིན་ན་ནད་ཡམས་དྲག་སྐྱེད་བྱུང་སྟེ་ཟླ་བ་གཅིག་གི་རྗེས་སུ་མ་མཏོགས་སྨན་ཁབ་ཐུན་གཉིས་པ་དེ་བརྒྱབ་རྒྱུ་མེད་པའི་འགྲེལ་བརྗོད་གནང་གི་འདུག

དེའི་སྐོར་སྦེ་ལ་ཀོ་པི་འཕྲོད་བསྟེན་སྨན་པ་བཀྲིས་བཟང་པོ་ལགས་ཀྱིས་གསུང་གི་འདུག་ལ།ད་དུང་ཁོང་གིས་མུ་མཐུད་བརྗོད་ན་སྦེ་ལ་ཀོ་པི་གཞིས་ཁུངས་ཀྱི་ནང་ཡོད་སེ་ར་བྱེས་སྨད་གཉིས་ཀྱི་དགེ་འདུན་པ་ཕལ་མོ་ཆེར་རྒྱ་གར་གྱི་Covaxinཞེས་པའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ཐུན་གཉིས་ཀ་བརྒྱབས་ཡོད་ཅིང་། དེའི་ཁྲོད་གཞིས་ཁུངས་འདིའི་བོད་མི་གཞན་རྣམས་ལ་Covidshield་གྱི་སྔོན་འགོག་གི་སྨན་ཁབ་བརྒྱབས་ཡོད་པ་རེད་ལ། ནད་ཡམས་དེ་གསར་པ་ཞིག་ཡིན་དུས་སྔོན་འགོག་གི་སྨན་ཁབ་དེ་འཕར་མ་བརྒྱབ་དགོས་མིན་རིམ་པས་ཤེས་རྟོགས་ཡོང་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ཁོང་གིས་ཚན་རིག་པའི་བཀའ་མོལ་ལུང་འདྲེན་གྱིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་བརྒྱབས་ཟིན་ཡོད་ན་ཡང་། ནད་ཡམས་འགོས་སྲིད་པ་ཡིན་དུས་ཚང་མས་ནད་ཡམས་སྔོན་འགོག་ཐབས་ལམ་ཁག་བསྟེན་དགོས་པ་མ་ཟད་། ལྷག་པར་དུ་ནད་རླབས་གསུམ་པ་འགོས་སླ་པོ་ཡོད་པའི་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་སྦེ་ལ་ཀོ་པི་གཞིས་ཁུངས་སུ་སྨན་པ་གཅིག་གིས་ལྕོགས་ཀྱི་མེད་དུས་བོད་མིའི་སྒྲིག་འཛུགས་ལ་སྨན་པ་གཅིག་དགོས་མཁོ་ཆེ་བའི་ཞུ་སྐུལ་ལྟར། ཧོན་སུར་འཕྲོད་བསྟེན་སྨན་པ་བསྟན་འཛིན་ཆོས་ཉིད་ལགས་བདུན་ཕྲག་གཉིས་ཀྱི་རིང་སྦེ་ལ་ཀོ་པི་གཞིས་ཁུངས་ཀྱི་ནང་ཆེད་གཏོང་གནང་ཡོད་པ་དང་། དེ་མིན་ད་ལྟའི་ཆར་ས་གནས་སུ་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཛ་དྲག་ཚོགས་ཆུང་ནས་ནད་ཡམས་དེ་ཞི་ཐབས་སུ་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་དང་བལ་བོའི་ནང་བོད་མི་ ༡༧༨ ལ་ཏོག་དབྱིབས་ནད་ཡམས་གསར་དུ་འགོས་ཡོད་པ་དང་། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༥༧༡༦ དང་། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༣༨། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་༥༣༦བཅས་ཡིན་པ་རེད།

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།