ང་ཚོ་ནང་པ་ཚོས་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུ་མ་ཡིན་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་དགོས། ༧གོང་ས་མཆོག་གིས།

དེ་ཡང་སྤྱི་ཟླ་༥ཚེས་༢༤ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ཚོགས་ཁང་དུ། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་(Emory University)་དང་ཏཱ་ལའི་བླ་མའི་དགེ་རྩ་གཉིས་ནས་གོ་སྒྲིག་ཞུས་པའི་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོད་ལ་དཔྱད་པ་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ལ་བཅར་མཁན་མི་གྲངས་༢༠༠་ལྷག་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། ༧གོང་ས་མཆོག་གིས། ང་རང་ཚོ་ནང་པའི་ཆོས་ལ་སློབ་སྦྱོང་གང་འཚམས་བྱས་ཟིན་པ་རྣམས་ལ་སེམས་ཁམས་རིག་པའི་ཐད་དགའ་རབ་གསལ་པོ་རེད། ཆོས་དད་ཟེར་སྐབས་དད་པའི་སྒང་ལ་འགྲོ་བ་མ་གཏོགས་རིག་པས་དཔྱད་པ་བྱེད་རྒྱུར་ཏོག་ཙམ་མ་འདང་བ་ལྟ་བུ་ཞིག་རེད། གང་ལྟར་ནཱ་ལེནྡྲའི་མཁས་པ་རྣམས་དངོས་གནས་དྲང་གནས་སེམས་ཁམས་རིག་པའི་ཐོག་ལ་མཁས་པ་དང་། གནས་ཚུལ་ག་རེ་ཡིན་ཡང་དཔྱད་པ་བྱེད་པ་དེ་ཧ་ཅང་ཡག་པོ་རེད་ཅེས་དང་། ངོས་ཀྱིས་ནམ་རྒྱུན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཤད་བཞིན་ཡོད། དེ་ཆོས་དད་ཡོད་ན་དད་པའི་ཐོག་ནས་འགྲོ་བ་གཅིག་དང་། ཆོས་དད་མེད་མཁན་ཚོར་ཡང་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཞིག་ཡོད། གང་ལྟར་ང་ཚོ་ཚང་མར་ཞི་བདེ་དགོས་ཀྱི་ཡོད། ང་ཚོ་ནང་པ་ཚོ་འཛམ་གླིང་འདིའི་སྤྱི་ཚོགས་ནང་གི་མི་སྣ་གཅིག་ཆགས་ཡོད་པས་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུ་མ་ཡིན་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སེམས་ཁམས་རིག་པ་ནང་པའི་གཞུང་དུ་ཧ་ཅང་གསལ་པོ་རེད། ཆོས་ཀྱི་སྐད་ཆ་མེད་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་དཀྲུགས་མཁན་ཅི་ལྟར་ཡོང་གི་ཡོད་པ་དང་། སེམས་ཀྱི་ཞི་བདེ་ཇི་ལྟར་བཟོ་དགོས་ཀྱི་ཡོད་མེད། སྤྱི་ཚོགས་ནང་དུ་ཞི་བདེ་ཇི་ལྟར་བཟོ་དགོས་ཀྱི་ཡོད་པ་སོགས་ཧ་ཅང་ཡག་པོ་ཡོད་པ་བཀའ་སྩལ་འདུག
ད་རེས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཚོགས་འདུར་ཕེབས་མཁན་ཁོངས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་ཅིག་དང་། གདན་ས་གསུམ་གྱི་གྲྭ་ཚང་ཁག་དྲུག ར་སྟོད། བཀྲ་ཤིས་ལྷུན་པོ། ས་སྐྱ། བྱང་ཆུབ་ཆོས་གླིང་བཅས་ཀྱི་དགེ་འདུན་པ་དང་བཙུན་མ། སེ་ལ་ཀུ་བོད་ཁྱིམ་གྱི་སློབ་ཕྲུག་དང་། མ་སུ་རི་བོད་ཁྱིམ་སློབ་ཕྲུག དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བཅས་ཚོགས་ཞུགས་པ་༢༠༨ལྷག་འཛོམས་འདུག
གསར་འགོད་པ། ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།