རྒྱ་གར་གྱི་གཞུང་འཛིན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འོག་མའི་འོས་མི་ཀན་གྷ་ན་རཱ་ནོཏ་ལགས་སུ་མཇལ་ཁ་བསྩལ་བ།

2024.04.15
རྒྱ་གར་གྱི་གཞུང་འཛིན་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འོག་མའི་འོས་མི་ཀན་གྷ་ན་རཱ་ནོཏ་ལགས་སུ་མཇལ་ཁ་བསྩལ་བ། ༸གོང་ས་མཆོག་གིས་ཀན་གྷ་ན་རཱ་ནོཏ་ལགས་སུ་མཇལ་ཁ་སྩལ་བའི་སྐབས། ༢༠༢༤།༠༤།༡༥ ཉིན།
Facebook/KanganaRanaut

རྒྱ་གར་ཧི་མ་ཅལ་མངའ་སྡེའི་མན་ཌི་ས་གནས་ཀྱི་ BJP ཆབ་སྲིད་ཚོགས་པའི་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འོས་དམིགས་ཡིན་པ། རྒྱ་གར་ Bollywood ནང་གི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན། Kangana Ranaut ལགས་བཞུགས་སྒར་དུ་ཆེད་བཅར་གྱིས། སྤྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་ཆེད་དུ་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁའི་ཉམས་མྱོང་རྩ་ཆེན་པོ་དེ་ནི་མོ་རང་གིས་མི་ཚེ་ཧྲིལ་བོའི་རིང་གཅེས་འཛིན་གནང་ངེས་ཡིན་པ་འགྲེལ་བརྗོད་གནང་དོན། མཇལ་ཁའི་མྱོང་བ་དེ་ནི་ང་རང་གིས་མི་ཚེ་ཧྲིལ་བོའི་རིང་གཅེས་འཛིན་རྩ་ཆེན་དུ་བརྩི་ངེས་ཤིག་དང་། ངས་བསམས་ན་སྐྱེས་བུ་དམ་པ་ཁྱད་པར་དུ་འཕགས་པ་ལྷའི་ཡོན་ཏན་དང་ལྡན་པ་ཁོང་དང་མཇལ་སྐབས། སེམས་ནང་ཧ་ལས་པའི་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག་པས་དེ་ནི་ང་རང་གི་མི་ཚེ་གང་བོར་གཙིགས་ཆེར་འཛིན་དགོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བར་ལམ་རྒྱ་གར་གྱི་ཕྲུ་གུ་ལོ་ཆུང་ཞིག་གིས་མི་མང་གི་ཁྲོད་ནས་༸གོང་ས་མཆོག་ལ་མཇལ་ཁ་བྱིན་རླབས་གནང་རོགས་ཀྱི་རེ་བ་ཞུས་པ་བཞིན། མགོན་པོ་གང་ཉིད་ཀྱིས་སྐུ་རྩེད་དང་སྦྲགས་མཇལ་ཁ་བྱིན་རླབས་གནང་བར་གསར་ལམ་ཁག་ཅིག་ཏུ་གླེང་གཞི་བྱུང་སྐབས། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་མ་ཀང་གྷ་ན་ར་ནོཏ་ Kangana Ranaut ལགས་ནས་ཀྱང་། ཟུར་ཟའི་རྣམ་པ་མངོན་པའི་སྐབས་དོན་དང་འབྲེལ་བའི་བསམ་ཚུལ་ཐུང་ངུ་ཞིག་བྲིས་པར། རྒྱ་གར་ནང་གི་ནང་པའི་རྗེས་འཇུག་པ་མང་པོར་ཕོག་ཐུག་སོང་བར་བརྟེན། མོ་རང་གིས་ཡོངས་གྲགས་ཀྱི་སྒོ་ནས་དགོངས་དག་ཞུས་པ་མ་ཟད། “སོ་སོ་སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་ཡོད་པ་དང་༸གོང་ས་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གིས་ནི། སྐུ་ཚེ་ཧྲིལ་བོ་སྐྱེ་འགྲོའི་བདེ་སྐྱིད་ཀྱི་དོན་དུ་བཏང་ཡོད་པར་” ངོས་འཛིན་གནང་གི་ཡོད་པ་སོགས། མོ་རང་གི་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་པ་དང་། གནད་དོན་དེའི་སྐོར་ལ་དེ་རིང་གསར་འགོད་པའི་དྲི་བར་ལན་འདེབས་གང་ཡང་གནང་མེད་ཅིང་།

Dalai-Lama-Kangana-Ranaut-Dharamshala.jpg
པར་དབང་། Facebook/KanganaRanaut

ཉེ་ལམ་མོ་རང་གིས་ནང་པ་སྐོར་ཅིག་ལ་གཏམ་བཤད་གནང་བཞིན་པའི་བརྙན་ཐུང་ཞིག་ཏུའང། རིང་མིན་༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་ཡིན་པ་དང་། སོ་སོའི་བླ་མ་རྩ་ཆེ་ཤོས་ཤིག་ཏུ་བརྩི་བཞིན་པ་སོགས་གསལ་སྟོན་གནང་ཡོད་པ་རེད། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་མཎ་ཌི་ས་གནས་སུ་རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་འོས་འདེམས་ཀྱི་ནང་དུ། གློག་བརྙན་འཁྲབ་སྟོན་མ་ཀང་གྷ་ན་ལགས་ཀྱི་འགྲན་ཡ་གཙོ་བོ་ནི། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཝིར་བྷ་དུར་སིང་ལགས་ཀྱི་བུ་དང་ཀོང་རེ་སི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་དམིགས་ Vikramaditya Singh ལགས་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎