ལོ་ཤས་ནང་གཞིས་བྱེས་མཉམ་འཛོམས་ཕལ་ཆེར་ཡོང་ཐུབ་ཀྱི་རེད།

2016-12-21
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་འབྲས་སྤུངས་བློ་གསལ་གླིང་ལ་ཞབས་ཐང་དུ་ཕེབས་བཞིན་པ། ༢༠༡༦།༡༢།༡༩
༧གོང་ས་མཆོག་འབྲས་སྤུངས་བློ་གསལ་གླིང་ལ་ཞབས་ཐང་དུ་ཕེབས་བཞིན་པ། ༢༠༡༦།༡༢།༡༩
OHHDL

༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་སྐབས་སྨོན་ལམ་ཡག་པོ་རྒྱབ་ན་ཏན་ཏན་དབང་ཐོབ་ཀྱི་རེད་ཅེས་བོད་ནས་ཕེབས་པའི་བོད་མི་ཚོར་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཟླ་༡༠་ཚེས་༡༣་ནས་༡༥་བར་རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་དངོས་གཞི་གནང་གཏན་འཁེལ་གྱི་ཡོད་སྟབས། དེ་དུས་བོད་མི་རྣམས་ཀྱིས་སྨོན་ལམ་ཡག་པོ་བརྒྱབ་དགོས་པ་དང་། ༧མགོན་པོ་གང་ཉིད་ནས་ཀྱང་རྡོ་རྗེ་གདན་ནས་རང་རིགས་རྣམས་དབང་འོག་ཏུ་བཅུག་ནས་སྨོན་ལམ་སྐྱོན་རྒྱུ་ཡིན་སྟབས་ཏན་ཏན་དབང་ཐོབ་ཀྱི་རེད་ཅེས་བོད་ནས་ཆེད་བཅར་ཞུས་པའི་བོད་མི་རྣམས་ལ་བཀའ་སློབ་སྩལ་གནང་མཛད་འདུག
༧གོང་ས་མཆོག་གིས་འདི་ཟླའི་ཚེས་༡༩་ཉིན་བོད་ནས་ཕེབས་པའི་བོད་མི་རྣམས་ལ་བཀའ་སློབ་སྩལ་དོན། དུས་ད་ལྟ་བར་དུ་བོད་ཅེས་འཛམ་གླིང་འདིའི་ཐོག་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ནང་གི་རྒྱ་ཆེའི་མི་མང་གི་སེམས་ཤུགས་ལས་བྱུང་བ་དང་། སེམས་ཤུགས་དེ་ཡང་ཧ་ལས་པ་ཞིག་ཡོད། རྒྱ་མིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་བོད་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པར་བསྡད་པར་བརྟེན་འཛམ་གླིང་འདིའི་ཐོག་ཏུའང་དོ་སྣང་ཇེ་ཆེར་འགྲོ་བ་ཞིག་ཡོང་གི་ཡོད། ཁྱེད་རང་ཚོ་བློ་བདེ་པོ་བྱོས། ངོས་རང་ལོ་༨༡་ལ་སླེབས་ན་ཡང་གཟུགས་ཁམས་ཧ་ཅང་བདེ་པོ་ཡོད། འབྱུང་འགྱུར་ལོ་ཁ་ཤས་ནས་ཏན་ཏན་ང་ཚོ་གཞིས་བྱེས་མཉམ་འཛོམས་ཕལ་ཆེར་ཡོང་ཐུབ་ཀྱི་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད། གལ་གནད་ཆེ་ཤོས་ལོ་ན་གཞོན་པ་རྣམས་ཀྱིས་སློབ་སྦྱོང་བྱ་རྒྱུ་དེ་རེད། དེ་བཞིན་དཔལ་འབྱོར་འདུ་འགོད་བྱ་རྒྱུ་ཡང་གལ་གནད་ཆེན་པོ་ཡིན། དཔལ་འབྱོར་འདུ་འགོད་བྱས་ནས་དངུལ་བྱུང་རྣམས་སྒེར་གྱི་མོ་ཊའི་རིགས་ཉོ་རྒྱུ་དང་། ཁང་པ་རྫིག་པོ་རྒྱག་རྒྱུའི་ཐོག་བཏང་བ་མིན་པར་དངུལ་བྱུང་བ་རྣམས་སློབ་སྦྱོང་ཐོག་གཏོང་རྒྱུ་དང་། སློབ་གྲ་འཛུགས་རྒྱུ། སྨན་ཁང་འཛུགས་རྒྱུ་སོགས་བྱས་ན་ཡག་པོ་ཡོང་ངེས་ཡིན་ཞེས་བཀའ་གནང་འདུག
ད་དུང་༧གོང་ས་མཆོག་གིས་ང་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་སྟབས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་ཙམ་མིན་པར་གང་ཐུབ་ཀྱིས་སློབ་སྦྱོང་བྱེད་དགོས། ཆོས་ལུགས་གཞན་གྱི་སྟོན་པ་དང་སངས་རྒྱས་བཅོམ་ལྡན་འདས་ལ་ཁྱད་པར་གང་ཡོད་མེད་ཤེས་པར་བྱེད་དགོས། དེ་ལྟ་བུའི་ཐོག་ནས་སངས་རྒྱས་ཆོས་ཚོགས་མའི་ཐོག་ནས་སྐྱབས་འགྲོ་དང་སེམས་བསྐྱེད་རྣམས་བསམ་བློར་ལེགས་པར་འཁོར་བ་བྱེད་དགོས་ལ་དེ་ལྟ་བུའི་ཐོག་ནས་གཟུངས་སྔགས་མ་ཎི་ཡིག་དྲུག་སོགས་བགྲང་ན་ཕན་ཐོགས་ཧ་ཅང་ཡག་པོ་ཡོང་གི་རེད། རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྟབས་ཁྱེད་རང་ཚོ་དུས་འཁོར་དབང་ཆེན་སྐབས་སྡོད་ཐུབ་ཀྱི་མེད་ཀྱང་སེམས་ཁྲལ་གཏན་ནས་མ་བྱེད་ཨང་། བོད་ཟླ་༡༡་ཚེས་༡༣་ནས་༡༥་སྟེ་ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༡་ཚེས་༡༠ནས་༡༢་བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད། སྐབས་དེར་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་རྒྱོབས། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཏན་ཏན་དབང་ཐོབ་ཀྱི་རེད་ཅེས་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།