དགྲ་བོའི་མདུན་ནས་བྱམས་བརྩེ་ཉམས་ལེན་བྱས་ན་དེ་ནི་ལྷད་མེད་ཀྱི་བྱམས་བརྩེ་ཡིན། ༧གོང་ས་མཆོག་གིས།

2020-01-13
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཕྱི་རྒྱལ་གྱི་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༡།༡༣
༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཕྱི་རྒྱལ་གྱི་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་སྐབས། ༢༠༢༠།༡།༡༣
OHHDL

དགྲ་བོའི་མདུན་ནས་བྱམས་བརྩེ་ཉམས་ལེན་བྱས་ན་དེ་ནི་ལྷད་མེད་ཀྱི་བྱམས་བརྩེ་ཡིན་པ་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཕྱི་རྒྱལ་གྱི་མཇལ་བཅར་བ་ཚོར་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༡་པོའི་ཚེས་༡༣་རེས་གཟའ་ཟླ་བའི་ཉིན། གནས་མཆོག་རྡོ་རྗེ་གདན་དུ་ཕྱི་རྒྱལ་མི་རིགས་༣༠༠་སྐོར་ཞིག་ལ་གཟིམ་ཆུང་མཇལ་ཁ་སྩལ་གནང་བའི་སྐབས། ༧གོང་ས་མཆོག་གིས། ང་ཚོ་སྐྱེས་བ་ནས་མཐར་མ་ཤི་བར་དུ། བྱམས་བརྩེ་ནི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད། བྱམས་བརྩེ་ཟེར་བ་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་མིན་ནའང་། ཆོས་ལུགས་ཆེ་ཁག་ཚང་མའི་ནང་བྱམས་བརྩེའི་སྐོར་བཤད་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་ཆོས་ལུགས་དེ་དག་ནི་འགྲོ་བ་མིའི་ཆོས་ལུགས་ཡིན་པས། བྱམས་བརྩེ་ནི་ང་ཚོ་སྐྱེས་བ་ནས་མ་ཤི་བར་མེད་དུ་མི་རུང་བ་ཆགས་ཡོད་པ་གསལ་སྟོན་གནང་ཡོད་ཅེས་དང་། སོ་སོའི་དགྲ་བོའི་མདུན་ནས་བྱམས་བརྩེ་ཉམས་ལེན་བྱས་པ་ནི་ལྷད་མེད་ཀྱི་བྱམས་བརྩེ་རེད། ཡང་སོ་སོ་ཡི་ཉེ་གྲོགས་ཚོར་ཐུགས་འཁུར་དང་བྱམས་བརྩེ་སྐྱེས་པ་ནི་དུངས་སེམས་དང་ཆགས་ཞེན་སོགས་ཀྱི་བསམ་བློ་དང་འདྲེས་ཡོད་པར་བརྟེན། དེ་ནི་ལྷད་མེད་ཀྱི་བྱམས་བརྩེར་ངོས་འཛིན་བྱེད་ཀྱི་མེད། དཔེར་ན། དེ་རིང་ཁྱེད་རང་ལ་དཀའ་ངལ་བཟོ་མཁན་གྱི་གང་ཟག་དེ་ལ་སོ་སོས་བྱམས་བརྩེའི་ཉམས་ལེན་བྱས་པ་ཡིན་ན། རྗེས་སུ་ཁྱེད་རང་ལ་དཀའ་ངལ་བཟོ་མཁན་གྱི་གང་ཟག་དེ་སོ་སོའི་གྲོགས་མཆོག་ཆགས་སྲིད་པ་རེད་ཅེས་བཀའ་བསྩལ་ཡོད་པ་རེད།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་དག་གང་ཟག་བྱེད་པ་པོའི་ངོ་བོའི་ཐོག་ནས་འདི་ཕྱོགས་སུ་ངོས་ཀྱིས་བྱམས་བརྩེ་ཉམས་ལེན་བྱས་པ་དེས་འཕྲལ་དུ་དཀའ་ངལ་ཡོངས་རྫོགས་སེལ་བར་ཕན་ཐོགས་མེད་ཀྱང་། ངོས་ཀྱི་སེམས་ཞི་བདེ་ཡོང་བར་ཏན་ཏན་ཕན་ཐོགས་ཡོང་གི་འདུག འོན་ཀྱང་། རྒྱ་ནག་གཞུང་གི་ཆབ་སྲིད་འགོ་ཁྲིད་ཚོའི་བྱ་སྤྱོད་ཁག་ཅིག་ལ་སྐབས་རེར་ང་ཚོས་ཡོངས་གྲགས་སུ་སྐྱོན་བརྗོད་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བདེ་སྐྱིད་ནི་གཙོ་བོ་བྱམས་བརྩེ་ཉམས་ལེན་ཇི་ཙམ་བྱས་མིན་ལ་རག་ལས་ཡོད་པ་དང་། དེང་སྐབས་ཚན་རིག་པ་ཚོས་ཀྱང་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེ་ཡིན་པ་བརྗོད་ཀྱི་ཡོད་ལ། ཁོང་ཁྲོ་དང་སྡང་འཛིན་རྒྱུན་ཆད་མེད་པར་སློང་བ་ཡིན་ན། དེས་ང་ཚོའི་གཟུགས་པོ་ནང་གི་ནད་རིགས་སྔོན་འགོག་གི་མ་ལག་ཀྱང་རིམ་པས་ཟད་འགྲོ་གྱིན་ཡོད་པ་ཚན་རིག་པ་ཚོས་འགྲེལ་བརྗོད་གནང་གི་ཡོད་པ་དེ་བདེན་པ་ཡིན་པ་གསལ་པོ་རེད། དེ་བས་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་བྱམས་བརྩེ་ཡིན་པ་བཀའ་སྩལ་སོང་།
མཐའ་མཇུག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། གཞི་རྩའི་ཆ་ནས་ཁྱོད་ཚོའི་ངོ་གདོང་དེ་ནུབ་ཕྱོགས་པའི་ངོ་གདོང་རེད། འོན་ཀྱང་། སེམས་ཚོར་གྱི་ཆ་ནས་ང་ཚོ་ཚང་མའི་དབར་དབྱེ་བ་མེད་ལ། ལྷག་པར་དུ་འཛམ་གླིང་འདིའི་ནང་མི་ཐེར་འབུམ་༧ ཡོད་པ་ཚང་མ་སེམས་ཚོར་དང་ལུས་སེམས་གང་གི་ཆ་ནས་གཅིག་མཚུངས་ཡིན་པ་མ་ཟད། འགྲོ་བ་མི་ཚང་མ་བདེ་སྐྱིད་འདོད་པ་ཤ་སྟག་རེད། དེར་བརྟེན་སོ་སོ་རང་ཉིད་ཆོས་ལུགས་གང་གི་རྗེས་སུ་འབྲང་གི་ཡོད་མིན་དེ་སོ་སོ་སྒེར་གྱི་གནད་དོན་རེད། འོན་ཀྱང་། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ནང་ཡོད་པར་བརྟེན་ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་རྒྱུ་གལ་ཆེན་ཡིན་པ་བཀའ་གནང་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།