དམག་འཁྲུག་དང་དཀའ་རྙོག་མི་ཡོང་ཆེད་བྱམས་བརྩེ་གོང་འཕེལ་གཏོང་དགོས། ༧གོང་ས་མཆོག་གིས།

0:00 / 0:00

༧གོང་ས་མཆོག་གིས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་ནས་ཀོ་རི་ཡ་གཙོས་བའི་དད་ལྡན་པ་སྟོང་ཕྲག་མང་པོར་ཆོས་འབྲེལ་ལེགས་པར་གྲུབ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་བ་འདིའི་སྤྱི་ཚེས་ ༦་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་ཀྱི་ཉིན་མཐའ་མའི་ཉིན། བྱང་ཆུབ་སེམས་བསྐྱེད་ཀྱི་གསུང་ཆོས་བསྩལ་བའི་སྐབས། འཛམ་གླིང་ནང་ཆོས་ལུགས་ཆེ་ཁག་ཚང་མའི་ནང་བྱམས་བརྩེ་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་པ་བཞིན། ཇི་ཙམ་གྱིས་འཛམ་གླིང་ནང་བྱམས་བརྩེ་གོང་འཕེལ་བཏང་བ་ཡིན་ཚེ། དེ་ཙམ་གྱིས་དམག་འཁྲུག་དང་དཀའ་རྙོག་སོགས་ཀྱང་ཉུང་དུ་འགྲོ་རྒྱུ་ཡིན་པ་བཀའ་བསྩལ་སོང་།
ཡང་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་གནད་དོན་གཅིག་པུ་་མིན་པར། རྒྱ་གར་གྱི་དཔལ་ནཱ་ལེན་དྲ་ནས་དར་ཁྱབ་བྱུང་བའི་བོད་ཀྱི་རིག་གཞུང་བཟང་པོ་དེ་དག་ད་སྐབས་འཛམ་བུ་གླིང་གི་ཁྱད་ནོར་ལྟ་བུ་ཆགས་ཡོད་ཅེས་དང་། གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་གནང་བའི་སྐབས། ཆོས་ཞུ་བ་ཚང་མ་གང་ཉིད་མཆོག་གི་སློབ་མའམ་ཆོས་གྲོགས་ལྟ་བུ་ཡིན་པས། གང་ཉིད་ཀྱིས་འཛམ་གླིང་སྤྱིའི་བདེ་རྩར་ཕན་པའི་འོས་འགན་དང་ཐུགས་ཁུར་གནང་བཞིན་པ་དེ་དག་ཆོས་ཞུ་བ་ཚོས་ངེས་པར་དུ་སེམས་ལ་བཞག་སྟེ་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་སྐྱོར་གནང་རོགས་ཞེས་དང་། རྒྱུན་དུ་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་གཉེར་བྱ་དགོས་གལ་ཆེ་བའི་སྐོར་བཀའ་བསྩལ་སོང་།
གསུང་ཆོས་གྲུབ་པའི་རྗེས། ཨེ་ཏ་ལི་རྒྱབ་ཁབ་ནས་ཡིན་པའི་ཆོས་ཞུ་བ་(Danilo tizzoni)་ ལགས་ཀྱིས། སྤྱི་ལོ་༡༩༩༩་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཨེ་ཏ་ལི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱངས་བ་དང་། དེ་ནས་བཟུང་ངོས་ཀྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་སུ་འབྲངས་སྟེ་ནང་ཆོས་ལ་སློབ་གཉེར་བྱེད་འགོ་བཙུགས་པ་ཡིན། ད་ཐེངས་ཁོང་གི་བཀའ་ཆོས་ཞུ་རྒྱུ་བྱུང་བས་ཤིན་ཏུ་སྐལ་བ་བཟང་ཞེས་བརྗོད་ཀྱི་འདུག
ད་ཐེངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་མཁན་ཀོ་རི་ཡའི་དད་ལྡན་ཆོས་ཞུ་རྣམས་གཙོས་པའི་རྒྱལ་ཁབ་འདྲ་མིན་༦༤་ཙམ་ནས་ཁྱོན་ཆོས་ཞུ་བ་བདུན་སྟོང་བརྒལ་བ་ཕེབས་ཡོད་ཅིང་། གསུང་ཆོས་སྐད་ཡིག་འདྲ་མིན་བཅུ་གཅིག་ཐོག་གསུང་བསྒྱུར་གནང་ཡོད་པ་རེད།