༸གོང་ས་མཆོག་གིས། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་དམིགས་བསལ་འབྲེལ་བ་ཡོད་པ་བཀའ་གནང་འདུག

བོད་རྒྱའི་དཀའ་རྙོག་སེལ་སླད་བོད་མིའི་སྒྲིག་འཛུགས་ཀྱི་མུ་མཐུད་ནས་དབུ་མའི་ལམ་གྱི་སྲིད་ལག་བསྟར་བྱེད་མུས་ཡིན་པ་དང་། སྲིད་བྱུས་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲིོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་རྒྱུ་གཙོ་བོ་བཟུང་ནས་སྤྱི་ལོ་༢༠༡༠ལོར་སྲིད་བྱུས་དར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་རྒྱབ་སྐྱོར་ཐོབ་ཡོད་པ་རེད། འདི་ཚེས་༡༨ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དུས་དྲན་མཛད་སྒོའི་ཐོག་བཅར་བའི་རྒྱལ་ཁབ་ཕྱི་ནང་གི་ཚོགས་བཅར་བ་༡༥༠ ལྷག་ལ་ཐུགས་དགྱེས་ཚོར་ཆེན་པོས་མཇལ་ཁ་སྩལ་ཏེ། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་དམིགས་བསལ་འབྲེལ་བ་ཡོད་པ་བཀའ་གནང་སྩལ་འདུག
དེ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང༌། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་ཐོག་མར་འདོན་གནང་མཛད་ཡོད་ཅིང་། བོད་མིའི་ཕྱོགས་ནས་བརྗོད་ན། བོད་ཀྱི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོས་འཛིན་བཅས་མི་ཉམས་རྒྱུན་འཛིན་དང༌། སྲུང་སྐྱོབ་བྱེད་ཐུབ་པ་དང༌། རྒྱ་མིའི་ཕྱོགས་ནས་བརྗོད་ན། རྒྱལ་ཁབ་ཀྱི་བདེ་འཇགས་དང༌། མངའ་ཁོངས་གོང་བུ་གཅིག་བསྒྲིལ་སྲུང་སྐྱོབ་བྱེད་ཐུབ་པ། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཕྱོགས་གསུམ་པས་བརྗོད་ན། ས་མཚམས་ཁག་ཏུ་ཞི་བདེ་ལྷིང་འཇགས་དང༌། རྒྱལ་སྤྱིའི་འབྲེལ་ལམ་ཁག་ཞི་བའི་སྒོ་ནས་བྱེད་ཐུབ་པ་ཡོང་རྒྱུ་སོགས་ལ་དམིགས་པ་ཞིག་ཡིན་འདུག
ཐེངས་འདིའི་མཇལ་ཁ་གྲུབ་མཚམས་སུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ཀྱིས། ད་རེས་མཇལ་ཁའི་སྐབས་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་གྲུབ་འབྲས་ཤིག་ཐོན་རྒྱུ་ཡིན་པ་གང་ཉིད་མཆོག་ལ་ཡིད་ཆེས་ཡོད་པ་བཀའ་གནང་སོང་ཞེས་དང་། འདི་ཚེས་༡༤ ནས་༡༥ བར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་གནང་སྟེ། གཙོ་བོ་དབུས་ས་གཉིས་ལ་ཁྱབ་པའི་ཁྲིམས་སྒྲིག་གཏན་འབེབས་གནང་ཐུབ་པ་བྱུང་བ་ནི་གཟི་བརྗིད་ཡིན་པ་གསུངས་གནང་སོང་།
ཡང་ཁེ་ན་ཌ་ནས་ཕེབས་པའི་ཚོགས་བཅར་བ་སྐལ་བཟང་སྒྲོལ་དཀར་ལགས་ནི་དེ་སྔ་བོད་ཁྱིམ་སློབ་གྲྭའི་དགེ་རྒན་གནང་མྱོང་འདུག་པ་མ་ཟད། ཨེ་ཏྲ་ལི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་འདུག་པ་དང་། ཡུ་རོབ་བོད་དོན་མཐུན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་པ་སོགས་ཡུ་རོབ་ཁུལ་དུ་ལས་གནས་འདྲ་མིན་གྱི་ཐོག་སྤྱི་ཚོགས་ཞབས་ཞུ་བསྒྲུབས་ཏེ། ཕྱིས་སུ་ཁེ་ན་ཌ་གནས་སྤོས་ཀྱིས། ཁུལ་དེའི་བོད་རིགས་སྤྱི་འཐུས་ཚོགས་པའི་ཤེས་ཡོན་འགན་འཛིན་གནང་མྱོང་འདུག་ཅིང་། ད་ལྟའི་ཆར་ཁེ་ན་ཌ་ཀྲོ་རོན་ཀྲོ་དབུ་མའི་ལམ་གྱི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན་འདུག
ཡང་ཨ་མི་རི་ཀར་གནས་སྡོད་བསྟན་འཛིན་འབྱོར་ལྡན་ལགས་ནི་ད་ལྟའི་ཆར་ས་རཱ་མཐོ་སློབ་ཏུ་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་བྱེད་མུས་ཡིན་འདུག ད་རེས་དབུ་མའི་ལམ་གྱི་ཚོགས་ཆེན་ལ་བཅར་ཏེ། སྲིད་བྱུས་དེ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་སྐོར་མཁྱེན་རྟོགས་བྱུང་ལ། ད་དུང་མུ་མཐུད་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐད་རྒྱུས་ལོན་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་དེ་དང་ཕྱོགས་མཚུངས་ཧོ་ལེཌ་(Holland)ནང་གནས་སྡོད་བསྟན་འཛིན་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་ས་རཱ་མཐོ་སློབ་ཏུ་བོད་ཡིག་སློབ་སྦྱོང་བྱེད་བཞིན་འདུག དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུས་ལོན་ཡོང་སླད་ང་འདིར་བཅར་བ་ཡིན། ལྷག་དོན་དུ་ད་རེས་ཚོགས་འདུའི་ཐོག་ས་ཕྱོགས་གང་སར་ནས་བོད་པའི་གཞོན་སྐྱེས་མང་པོ་ཕེབས་འདུག་པས། ཁོང་ཚོས་བོད་མིའི་འཐབ་རྩོད་དང་འབྲེལ་བའི་བསམ་བློ་འཁྱེར་ཕྱོགས་སོགས་ཀྱི་ཐོག་གོ་བསྡུར་སྦྱང་ཤེས་བྱུང་སོང་ལ། ལྷག་དོན་དུ་ང་ཚོའི་འཐབ་རྩོད་ནང་རང་བཙན་དང་དབུ་མ་གཉིས་ཀ་དགོས་རྒྱུ་གལ་ཆེ་ཡིན་པ་དྲན་བསྡད་ཀྱི་ཡོད་ཅེས་གསུངས་བྱུང་།
གཞན་ཡང་སི་ཏྲས་སྦག་(Stasbourg)གྲོས་འཆར་དེ་བཞིན་སྤྱི་ལོ་༡༩༩༢ ལོར་རང་བཞིན་ནུས་མེད་དུ་གསལ་བསྒྲགས་བསྐྱངས་པ་ནས་བཟུང་སྤྱི་ལོ་༢༠༠༨ བར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཕྲའི་འགྲེལ་བརྗོད་གསར་པ་བཟོས་མེད་ཅིང་། སྤྱི་ལོ་༢༠༠༢ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་བར་འབྲེལ་མོལ་ཐེངས་བདུན་བྱས་ཡོད་པ་མ་ཟད། ༢༠༠༨ ལོར་འབྲེལ་མོལ་བདུན་པའི་སྐབས་རྒྱ་ནག་ཕྱོགས་ནས་བོད་མིའི་དགོས་འདུན་གྱི་རང་སྐྱོང་གི་གནས་བབ་གསལ་པོ་དགོས་ཞེས་བརྗོད་པ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་བོད་རིགས་ཡོངས་ལ་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱི་བསམ་འཆར་ཡིག་ཆ་ཞིག་ཕུལ་ཡོད་པ་དང་། དེ་ནས་སྤྱི་ལོ་༢༠༡༠ ལོར་འབྲེལ་མོལ་ཐེངས་དགུ་པའི་སྐབས་རྒྱ་ནག་གཞུང་ལ་སྤྲད་པའི་ཡིག་ཆ་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བརྗོད་གསར་་ཤོས་དེ་ཆགས་ཡོད། ད་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་སྒྲིག་འཛུགས། གནད་ཡོད་མི་སྣ་ཚོགས་སོགས་ཀྱིས་ཡིག་ཆ་དེ་ནི་ཧ་ཅང་གི་འོས་འཚམས་དང་ཁྲིམས་མཐུན་ཡིན་པའི་བསྔགས་བརྗོད་དང༌། རྒྱ་གཞུང་གིས་འདི་ལ་ངོས་ལེན་མ་བྱས་པར་སྐྱོན་བརྗོད་བྱས་པ་མ་ཟད། བོད་རྒྱ་གཉིས་བར་གྲོས་མོལ་དགོས་པའི་ནན་སྐུལ་ཡང་ཞུ་མུས་ཡིན་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།