༧གོང་ས་མཆོག་ལ་དྭགས་ལ་ཆིབས་བསྒྱུར་གནང་རྒྱུ་རེད།


2017-06-27
Share
༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་བཞིན་པ། ༢༠༡༤།༧།༡༧ ༧གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་བཞིན་པ། ༢༠༡༤།༧།༡༧
འཇིགས་མེད་ཚེ་རིང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༦ ཚེས་ ༡༣ ནས་༢༦ བར་ཨ་རིའི་ས་གནས་ཁག་བཞིའི་ནང་གི་མཛད་འཆར་ཁག་གྲུབ་ཏེ། ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་མཛད་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་ལ་དྭགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་འདུག
དེ་ཕྱོགས་སུ་ཟླ་བ་གཅིག་ཙམ་ཞུགས་བཞག་མཛད་སྐབས། དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་དབུ་བཞུགས་དང་། དད་ལྡན་མང་ཚོགས་ལ་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༦ ཉིན་ལ་དྭགས་གཞུང་དམངས་གཉིས་དང་དེ་ཕྱོགས་སུ་གནས་པའི་བོད་རིགས་ཡོངས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཕྱི་ཟླ་ ༧ ཚེས་༡༠ ཉིན་ལ་དྭགས་ནུབ་ར་བདེ་སྐྱིད་དགོན་གྱིས་གོ་སྒྲིག་ཞུས་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོའི་ཉིན་མཐའ་མའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་འདུག
ཕར་ཕྱིན་དབྱར་ཆོས་ཆེན་མོའི་བགྲོ་གླེང་གི་ལས་རིམ་འདི་དག་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར། ལ་དྭགས་ཁུལ་གྱི་ནང་པའི་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་དང་དགེ་བཤེས། དགེ་འདུན་པ་ཚོའི་དབར་བགྲོ་གླེང་ཡོང་རྒྱུ་དང་། བསྟན་པའི་ནང་དོན་འགལ་མེད་ཀྱི་ཐོག་ནས་རྗེས་སུ་འཇུག་མཁན་གྱི་ནང་པ་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡོང་ཆེད་བཙུགས་གནང་པ་ཞིག་ཡིན་འདུག
འདི་ལོ་ནུབ་ར་བདེ་སྐྱིད་དགོན་དུ་ཕྱི་ཚེས་ ༡ ནས་ ༡༠ འཚོགས་རྒྱུའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་འདི་ནི་ཐེངས་ལྔ་པ་དེ་ཡིན་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གྲ་སྒྲིག་ཞུ་རྒྱུ་དང་། དབྱར་ཆོས་ཆེན་མོའི་བགྲོ་གླེང་གྲ་སྒྲིག་འཐུས་གཙང་ཡོང་རྒྱུར་ནུབ་ར་བདེ་སྐྱིད་དགོན་གྱི་དབུ་བླ་ཁྲིག་སེ་རིན་པོ་ཆེ་མཆོག་ནུབ་རྭའི་ས་ཁུལ་དུ་ཆེད་ཕེབས་ཀྱིས་གཟིགས་རྟོག་གནང་བཞིན་ཡོད་འདུག
ཕྱི་ཚེས་ ༡༡ ནས་ ༡༢ བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྒོམ་རིམ་བར་པ་དང་ལག་ལེན་སོ་བདུན་མའི་སྒོ་ནས་གསུང་ཆོས་སྩོལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཚེ་དབང་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་འདུག་ཅིང་། དད་ལྡན་མང་ཚོགས་དང་སྐུ་མགྲོན་སོགས་ཁྱོན་བསྡོམས་མི་གྲངས་ཁྲི་དྲུག་ཙམ་ཆེད་བཅར་ཞུ་རྒྱུའི་ཚོད་དཔག་གནང་བཞིན་ཡོད་འདུག
ཡང་ཕྱི་ཚེས་ ༡༦ ནས་ ༡༨ བར་ཟངས་དཀར་ཁུལ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱོད་འཇུག་ཆེན་མོའི་སྒོ་ནས་གསུང་ཆོས་དང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩོལ་གནང་མཛད་རྒྱུ་ཡིན་ཞིང་། དེ་ནས་ལ་དྭགས་རྒྱལ་ས་སླེ་ཡི་ཞི་བའི་ཚལ་གསུང་ཆོས་རྭ་བའི་ནང་ཕྱི་ཟླ་ ༧ ཚེས་ ༢༨ ནས་༣༠ སྤྱོད་འཇུག་ཆེན་མོའི་སྒོ་ནས་གསུང་ཆོས་དང་། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཅས་སྩོལ་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།