བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ནི་སེམས་ཞི་བདེ་གནས་ཐབས་ཀྱི་རྩ་བ་ལྟ་བུ་ཡིན། ༧གོང་ས་མཆོག་གིས།

2022.11.07
Share on WhatsApp
Share on WhatsApp
བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ནི་སེམས་ཞི་བདེ་གནས་ཐབས་ཀྱི་རྩ་བ་ལྟ་བུ་ཡིན། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་ཌན་མརྐ་ནས་ཕེབས་པའི་སློབ་ཕྲུག་ཁག་ཅིག་ལ་བཀའ་བསྩལ་སྐབས། ༡༡།༠༤།༢༠༢༢
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་རེ་བའི་ལྟེ་གནས་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༤ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་ཆོས་དང་རིག་གཞུང་སོགས་ལ་རྒྱུས་ལོན་ཡོང་ཆེད་ ཌན་མརྐ་(Denmark)་རྒྱལ་ཁབ་ནས་ཕེབས་པའི་སློབ་མ་༢༥ དང་དགེ་རྒན་༢བཅས་ཁྱོན་མི་གྲངས་༢༧ལ་མཇལ་ཁ་དང་བཀའ་སློབ་བསྩལ་བའི་ནང་། ༧གོང་ས་མཆོག་གིས། ཇི་ཙམ་གྱི་སྙིང་རྗེ་ཉམས་ལེན་བྱས་པ་ཡིན་ན། ཞེ་སྡང༌དང་། ཕྲག་དོག ཁོང་ཁྲོ དངངས་སྐྲག་དང་བློ་འཚབ་སོགས་དེ་བས་ཉུང་དུ་འགྲོ་ངེས་ཡིན། ཉོན་མོངས་ཀྱི་བློ་དེ་དག་ཉུང་དུ་འགྲོ་བའི་ཐབས་ཤེས་ཡག་ཤོས་ཤིག་ནི་སེམས་བཟང་གི་ཡོན་ཏན་དང་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་དེ་ཡིན་པ་མ་ཟད། བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ནི་སེམས་ཞི་བདེ་གནས་ཐབས་ཀྱི་རྩ་བ་ལྟ་བུ་ཡིན་ཞིང་། ལྷག་ཏུ་སྙིང་རྗེ་གཙོ་དོན་བྱས་ན་རང་ཉིད་གཉིད་ཀྱང་སྐྱིད་པོ་ཞིག་ཁུག་ཐུབ། ནང་སེམས་ཞི་བདེ་ཡོང་བར་སྐྱེ་བ་སྔ་ཕྱི་སྐོར་འགྲེལ་བརྗོད་མི་དགོས་པར། གཙོ་བོ་སོ་སོའི་རྒྱུ་ལ་ཡོད་པའི་བཟང་པོའི་ཡོན་ཏན་དེ་དག་ཉམས་ལེན་བྱེད་རྒྱུ་དེ་ཡིན་ཞེས་བཀའ་གནང་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ཉིད་རྒྱུན་དུ་སྙིང་རྗེ་ཉམས་ལེན་བྱེད་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། སྙིང་རྗེ་ཉམས་ལེན་བྱས་པའི་རྗེས་འབྲས་སུ་ངོས་ཀྱི་ངོ་གདོང་ལ་ཁོང་ཁྲོ་ལངས་པའི་རྣམ་འགྱུར་མེད་པ་མ་ཟད། རྟག་ཏུ་འཛུམ་མདངས་ཀྱི་རྣམ་འགྱུར་སྟོན་བཞིན་ཡོད་ཅེས་དང་། གཞི་རྩའི་ཆ་ནས་ཆོས་དད་ཡོད་མེད་ལ་མ་བལྟོས་པར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཨ་མས་བརྒྱུད་ནས་ཡོང་བའི་སྙིང་རྗེ་དང་བརྩེ་བའི་རིན་ཐང་དེ་ང་ཚོས་མུ་མཐུད་ཉམས་ལེན་བྱེད་དགོས་ལ། སྐབས་རེར་རྒྱུན་ཆད་མེད་པར་ཁོང་ཁྲོ་ལངས་པའི་སྐབས་སུ་ཨ་མའི་བྱམས་བརྩེ་ཉམས་ལེན་བྱས་ཚེ། ནང་སེམས་ཞི་བདེ་ཡོང་བར་ཏན་ཏན་ཕན་ཐོགས་ཡོང་ངེས་ཡིན། དེ་ཡང་ངོས་ཀྱི་ཡུམ་ཆེན་གྱི་ཐུགས་བརྒྱུད་བཟང་པོ་ནས་ཡོང་བའི་སྙིང་རྗེ་དེ་ངོས་ཀྱི་རྟག་ཏུ་ཉམས་ལེན་བྱེད་མུས་ཡིན་ཞེས་བཀའ་གནང་འདུག
གོང་ཞུས་སློབ་ཕྲུག་དེ་དག་ནི་(Denmark)་དུ་རྟེན་གཞི་བྱས་པའི་(Hojskolendk)་མཐོ་རིམ་སློབ་གྲྭ་ནས་ཡིན་འདུག་ཅིང་། འདས་པའི་བདུན་ཕྲག་འགའ་ཞིག་རིང་། ཁོང་རྣམས་བཞུགས་སྒར་ཁུལ་དུ་ཆགས་པའི་བོད་ཀྱི་དགོན་སྡེ་ཁག་དང་སློབ་གྲྭ་སོགས་ནང་གཟིགས་སྐོར་ཕེབས་འདུག་པ་མ་ཟད། དྭང་བླངས་ཀྱི་ཞབས་ཞུ་ཡང་བསྒྲུབས་འདུག སྤྱི་ཚེས་༨ཉིན་གངས་སྐྱིད་དུ་ཡོད་པའི་བོད་ཀྱི་འགྲེམ་སྟོན་ཁང་དུ་གཟིགས་སྐོར་ཕེབས་རྒྱུ་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎