བོད་རིགས་ཁ་ཆེ་དང་བོད་རིགས་ནང་པའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ནི་སྤོབས་པ་སྐྱེས་དགོས་བ་ཡིན། ༧གོང་ས་མཆོག་གིས།

2021.11.23
བོད་རིགས་ཁ་ཆེ་དང་བོད་རིགས་ནང་པའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ནི་སྤོབས་པ་སྐྱེས་དགོས་བ་ཡིན། ༧གོང་ས་མཆོག་གིས། ས་ཀཱི་ན་བྷཌ་(Sakina Bhatt)་ལགས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་སྐབས། ༡༡།༡༩།༢༡
OHHDL

བོད་རིགས་ཁ་ཆེ་དང་བོད་རིགས་ནང་པའི་བར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དེ་ནི་བོད་མི་ཚོ་སྤོབས་པ་སྐྱེས་དགོས་པ་ཞིག་ཡིན་པ་༧གོང་ས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་གྱི་དབྱིན་སྐད་མདོ་འཛིན་པ་ཁ་ཆེ་ས་ཀཱི་ན་བྷཌ་ལགས་ཀྱི་མཇལ་ཁའི་སྐབས་སུ་བཀའ་གནང་འདུག
ས་ཀཱི་ན་བྷཌ་(Sakina Batt)་ལགས་ཀྱིས་འདས་པའི་ལོ་བཞི་ལྷག་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་དབྱིན་སྐད་ཚན་པའི་མདོ་འཛིན་པའི་ཕྱག་ལས་གནང་ནས་ད་ཆ་ལས་བཤོལ་ཟིན་ཞིང་། ༢༠༢༡་ལོའི་སྤྱི་ཟླ་༡༡་ཚེས་༡༩་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་དྲ་ལམ་བརྒྱུད་མཇལ་ཁ་བསྩལ་གནང་མཛད་པའི་སྐབས། ཁོང་མོར་བསྔགས་བརྗོད་དང་སྦྲགས། བོད་པའི་མི་རིགས་ཀྱི་འདུ་ཤེས་བརྟན་པོ་ལྡན་པའི་ཐོག་མ་འོངས་པར་ཡང་སྤྱི་ཚོགས་ནང་ལེགས་སྐྱེས་འབུལ་ཐབས་དགོས་པའི་བཀའ་སློབ་ཕེབས་འདུག
ལྷག་པར་དུ་མཇལ་ཁ་དེའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་དང་ཁ་ཆེ་བར་གྱི་འབྲེལ་བ་ཐོག་མ་དེ་ནི། ༧སྐུའི་ཡང་སྲིད་ངོས་འཛིན་ཞུས་སྐབས་ཟི་ལིང་མ་པུ་ཧྥང་དང་འབྲེལ་བ་བྱུང་སྟངས་ལོ་རྒྱུས་གནས་ལུགས་ངོ་སྤྲོད་ཀྱང་གནང་བ་དང་། བོད་རིགས་ནང་པ་དང་ཁ་ཆེ་བ་ཚོས་སྐད་ཡིག་གཅིག་གྱུར་ལོངས་སུ་སྤྱོད་བཞིན་པ་དེའི་ཐོག་ནས་དུས་རབས་མང་པོའི་རིང་ཕན་ཚུན་གྱི་འབྲེལ་བ་དམ་ཟབ་ཐོག་གནས་ཐུབ་པ་བྱུང་ཡོད་པ་བཀའ་གནང་འདུག
མཇལ་ཁ་དེ་ཉེ་ཆར་འོས་འདེམས་བྱུང་བའི་བཀའ་བློན་གསར་པ་གསུམ་ལ་༧གོང་ས་མཆོག་གིས་གསར་མཇལ་བསྩལ་བའི་ཉིན་མོ་དང་བསྟུན་ཚེས་༡༩་ཉིན་བྱུང་བ་དང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ས་ཀི་བྷཊ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་སྤྲོད་ཞུས་ཡོད་པ་རེད།
ས་ཀི་ན་བྷཌ་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་རེས་ཁོང་མོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུའི་སྐབས་བརྗོད་དུ་མེད་པའི་སེམས་ཚོར་རྣོ་པོ་ཞིག་བྱུང་། ༧གོང་ས་མཆོག་ནི་བོད་རིགས་ཁ་ཆེ་ཚོར་ཧ་ཅང་གི་བཀའ་དྲིན་ཆེ་ཞིང་། བོད་མི་རྣམས་བཙན་བྱོལ་ལ་འབྱོར་བའི་སྐབས་བོད་རིགས་ཁ་ཆེ་ཚོར་ཡང་གཅིག་མཚུངས་ཀྱི་སྡོད་གནས་དང་སློབ་གྲྭ་ཟུར་བཙུགས་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། ཁོང་མོ་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་པའི་རིང་འདིར་འབྲེལ་ཡོད་ལས་བྱེད་ཚོས་དམིགས་བསལ་གྱི་རྒྱབ་སྐྱོར་དང་རོགས་གནང་ཡོད་པ་གསུངས་བྱུང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ནས་བོད་པའི་ཁ་ཆེ་ཚོར་དམིགས་བསལ་ཐུགས་བརྩེ་ཆེན་པོ་མཛད་བཞིན་ཡོད་ལ། རྒྱ་གར་བྱང་ཕྱོགས་ཇ་མུ་ཀཤ་མིར་མངའ་སྡེའི་གྲོང་ཁྱེར་སིརི་ན་གར་ནང་ཆགས་པའི་བོད་རིགས་ཁ་ཆེའི་གཞིས་ཆགས་སུ་ལན་འགའ་ཤས་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་རེད། དཔེར་ན། ཕྱི་ལོ་༢༠༡༢་ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེར་ཆིབས་བསྒྱུར་བསྐྱངས་སྐབས། བོད་རིགས་ཁ་ཆེ་བ་དང་ནང་པ་གཉིས་ཆོས་བརྒྱུད་ལོག་ཀ་ཡིན་ནའང་། བོད་པ་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་ད་བར་འབྲེལ་བ་དེ་གནས་ཡོད་པ་དང་། བོད་རིགས་ཁ་ཆེ་ན་གཞོན་ཤེས་ཡོན་ཅན་ཚོར་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་སྒྲུབ་དགོས་པའི་ཐུགས་རེ་ཡོད་པ་བཀའ་སློབ་བསྩལ་ཡོད།
སྤྱི་ལོ་༡༩༥༩་སྔོན་བོད་དབུས་སུ་བོད་རིགས་ཁ་ཆེ་གསུམ་སྟོང་ཙམ་འཚོ་སྡོད་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་་ཡོད་ཅིང་། ཁོང་ཚོ་མང་ཆེ་བ་ནི་དུས་རབས་བཅུ་བཞི་པ་ནས་བཅུ་བདུན་པའི་བར་ཀ་ཤི་མིར་དང་། ལ་དྭགས། བལ་ཡུལ། རྒྱ་ནག་བཅས་ནས་ཡོང་སྟེ་བོད་རིགས་བུད་མེད་དང་མཉམ་དུ་གཉེན་སྒྲིག་བྱས་ནས་གཞིས་ཆགས་པའི་ཁ་ཆེའི་ཚོང་པ་རྣམས་ཀྱི་རྒྱུད་པ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་༧གོང་ས་༧སྐུ་ཕྲེང་ལྔ་པའི་སྐབས་ལྷ་སའི་ཁ་ཆེ་བ་ཚོར་ཕྱག་འཚལ་ཁང་གསར་བཞེངས་དང་དུར་སའི་ཆེད་ས་ཆ་ལོགས་སུ་བསྩལ་བ་སོགས་དམིགས་བསལ་གཟིགས་པ་གནང་ཡོད་པ་ལོ་རྒྱུས་ནང་གསལ་བཞིན་ཡོད་པ་རེད།
ལྷ་སར་ཁ་ཆེའི་ཕྱག་འཚལ་ཁང་བཞི་དང་། གཞི་ཀ་རྩེར་གཉིས། རྩེ་ཐང་ལ་གཅིག་བཅས་ཡོད་པ་ཚང་མ་བོད་པའི་བཟོ་བཀོད་ཀྱི་རྣམ་པའི་ཐོག་ནས་བཞེངས་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎