༧གོང་ས་མཆོག་དབུ་བཞུགས་ཐོག་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་འདུག
2019.12.17
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་འབྲས་སྤུངས་བློ་གསལ་གླིང་དུ་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཕྱི་ཚེས་ ༡༧་ཉིན། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གྱི་ཚོམས་ཆེན་ནང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་འོད་གསལ་ཆོས་སྐུ་མངོན་དུ་མཛད་དེ་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་དང་བསྟུན། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཚོགས་སོང་།
སྐབས་དེར་༧གོང་ས་མཆོག་གིས། ང་ཚོའི་དམིགས་ཡུལ་དེ་དཔེ་ཆར་བལྟས་དགེ་བཤེས་བཞག་རྗེས་རིམ་པས་ཨ་མི་རི་ཀར་འགྲོ་རྒྱུ་དེ་འདྲ་མིན་པར། ང་ཚོས་དཔེ་ཆར་བལྟས་བའི་དགོས་དོན་དེ། སོ་སོ་སྐྱེས་བོ་ཐ་མལ་བའི་བློ་རིམ་པས་སྦྱངས་ནས་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་བཅས་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་ལྟར་ང་ཚོའི་མི་ཚེ་དེ་འདྲ་བྱས་ནས་སྐྱེལ་དགོས་ཅེས་དང་།
སངས་རྒྱས་ཀྱི་བསྟན་པ་མི་རབས་ནས་མི་རབས་འབྱུང་འགྱུར་ལོ་ངོ་བརྒྱ་ཕྲག་རིང་གནས་ཐུབ་རྒྱུར་བསམ་བློ་གཏོང་དགོས་སྐོར་བཀའ་སྩལ་ཡོད་པ་མ་ཟད། འཛམ་གླིང་འདིའི་སྟེང་མི་འབོར་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་ཆོས་ལུགས་ནང་པ་ཡིན་མིན་ལ་མ་བལྟོས་བར་ཆོས་རབ་ཏུ་རྣམ་སྤྱོད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་ནས་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་སུ་ཞབས་འདེགས་སྒྲུབ་གལ་ཆེ་བ་སོགས་བཀའ་སློབ་བསྩལ་ཡོད་པ་རེད།
ཐེངས་འདིའི་མཁས་པའི་བགྲོ་གླེང་ནི། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དུས་རྒྱུན་དུ་གྲྭ་ཚང་སོ་སོའི་ཡིག་ཆ་དང་བོད་ཀྱི་མཁས་པའི་གསུངས་གཙོ་བོ་མ་ཡིན་པར་རྒྱ་གར་གྱི་དཔལ་ཎ་ལན་ཌའི་མཁས་པའི་གསུངས་ཐོག་སློབ་སྦྱོང་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་སློབ་ཕེབས་དོན་བཞིན་ད་རེས་ཀྱི་བགྲོ་གླེང་དེ་ཚོགས་པ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་བསྟན་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་བགྲོ་གླེང་ཐོག་ལེའུ་ ༡༦ ་ཡོད་པ་དང་། དེའི་ནང་ནས་ལེའུ་བཞི་༧གོང་ས་མཆོག་དབུ་བཞུགས་ཐོག་བགྲོ་གླེང་གནང་བ་དང་། ཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་གནང་མཁན་ནི། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁས་དབང་རྒན་ཡེ་ཤེས་ཐབས་མཁས་ལགས་དང་། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྣམ་གཉིས་ཡིན་པ་རེད།