དིང་རི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱེད་མཁན་མང་པོར་ཆོག་མཆན་མ་རག་པར་རྫོང་ཐོག་ཏུ་ལྷག་འདུག

2025.01.10
དིང་རི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱེད་མཁན་མང་པོར་ཆོག་མཆན་མ་རག་པར་རྫོང་ཐོག་ཏུ་ལྷག་འདུག དིང་རི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ། ༠༡།༠༨།༢༠༢༥
སྒྲིག་བཟོ། མི་སེར་གྱི་འདྲ་པར།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་ཚབས་ཆེན་བརྒྱབ་པའི་གོད་ཆགས་ཐེབས་ཡུལ་ལ་བོད་ཀྱི་ས་ཁུལ་གཙོས་གང་ས་ནས་རོགས་རམ་བྱེད་མཁན་དང་རོགས་སྐྱོར་ཅ་དངོས་འདྲ་མིན་བསྐྱེལ་མཁན་ཧ་ཅང་མང་པོ་ཡོང་བཞིན་ཡོད་ཀྱང་། ཚེས་༩ཉིན་རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་རོགས་སྐྱོར་བྱེད་མཁན་དང་ཅ་དངོས་སྐྱེལ་མཁན་ཚོ་གནོད་ཐེབས་ས་ཁུལ་ལ་དངོས་སུ་བསྐྱོད་མ་བཅུག་པར་དིང་རི་རྫོང་ཐོག་ཏུ་བཀག་འགོག་བྱེད་འགོ་ཚུགས་ཡོད་པ་དང་། ཆོག་མཆན་མ་རག་པའི་རོགས་སྐྱོར་བའི་ཅ་དངོས་ཟ་མ་དང་། གྱོན་གོས། ཉལ་ཆས་སོགས་ས་ཡོམ་གྱི་གནོད་འཚེ་ཕོག་མཁན་ཚོར་ཞལ་འདེབས་བརྒྱབ་པ་ཚང་མ་རྫོང་སྲིད་གཞུང་གི་ཐང་ཆེན་དང་དིང་རི་རྫོང་སྲིད་གཞུང་གི་ས་གནས་གོད་ཆགས་དོ་དམ་ལྟེ་གནས་སུ་རི་བོ་ལྟར་སྤུངས་ཡོད་པ་མཐོང་རྒྱུ་ཡོད་པ་རེད།

Sequence 01.00_00_12_16.Still002.png
རོགས་སྐྱོར་དངོས་ཟོག་དིང་རི་རྫོང་ཐོག་ཏུ་སྤུངས་ནས་ཡོད་པ། པར། མི་སེར་གྱི་འདྲ་པར།


ཡིན་ན་ཡང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ནས་རོགས་སྐྱོར་བྱེད་མཁན་དང་། དང་བླངས་པ་མང་པོ་ཞིག་གིས་གནོད་འཚེ་ཕོག་ཁུལ་དུ་དངོས་སུ་བསྐྱོད་ཐུབ་ཆེད་རྒྱ་ནག་གཞུང་གི་འགྲོ་བསྐྱོད་ཆོག་མཆན་ཞུ་ཐབས་བྱེད་བཞིན་ཡོད་ཀྱང་ཁ་ཤས་ལ་མ་གཏོགས་རག་གི་མེད་པ་དང་། རག་ཀྱང་ཆུ་ཚོད་མང་པོར་སྒུག་དགོས་བ་མ་ཟད། རླངས་འཁོར་ཨང་རྟགས་དང་ཐོབ་ཐང་ལག་འཁྱེར་སོགས་ཐོ་འགོད་བྱེད་དགོས་ཀྱི་ཡོད་པ་ས་གནས་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་རེད་འདུག

travel permits.jpg
གནོད་ཐེབས་ས་ཁུལ་དུ་བསྐྱོད་ཆོག་པའི་ཆོག་མཆན། པར། མི་སེར་གྱི་འདྲ་པར།


སྤྱི་ཚེས་༨ཉིན་དིང་རི་རྫོང་མི་དམངས་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་བའི་ནང་། མིག་སྔར་དིང་རི་རྫོང་གི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་མཁོ་ཆས་གསོག་འཇོག་འདང་ངེས་ཤིག་ཡོད་པས། ས་ཕྱོགས་གཞན་ནས་གནོད་ཐེབས་ས་ཁུལ་ལ་བཏང་བའི་རོགས་སྐྱོར་ཅ་དངོས་ལེན་རྒྱུ་མཚམས་འཇོག་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲལ་སྡོམ་བཀོད་འདོམས་ལས་ཁུངས་ཀྱིས་ཚེས་༨ཉིན་གསལ་བསྒྲགས་སྤེལ་ནས། ད་ཡོད་རོགས་སྐྱོབ་དཔུང་ཁག་གིས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་དགོས་མཁོ་གཞི་རྩའི་ཐོག་བསྐང་ཐུབ་པས། གེགས་ཁུལ་མིན་པའི་དམངས་ཁྲོད་རོགས་སྐྱོབ་རུ་ཁག་གཞན་དག་དང་། སྤྱི་ཚོགས་ཐོག་རང་དགར་རྩ་འཛུགས་བྱས་པའི་དང་བླངས་པ་རྣམས་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་ཆོག་མཆན་མེད་པར་བསྐྱོད་མི་ཆོག་པ་དང་། གེགས་ཁུལ་དུ་བསླེབས་ཟིན་པའི་སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པ་ཚོས་ས་གནས་དེ་གའི་ཡོམ་འགོག་གེགས་སེལ་བཀོད་འདོམས་ཚན་པའི་གཅིག་གྱུར་བཀོད་སྒྲིག་ལྟར་འགྲོ་དགོས་བ་བསྒྲགས་འདུག
སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་ཀྱི་སྟོད་དིང་རི་ས་ཁུལ་དུ་ས་འགུལ་རྒྱུགས་ནས་མི་རྒྱུ་གཉིས་ཀར་གོད་ཆགས་ཆེན་པོ་ཐེབས་ནས་མི་རྣམས་ཀྱིས་རང་བྱུང་གི་གནོན་འཚེ་དེ་ལ་གདོང་ལེན་ཅི་དགའ་གང་ཡག་བྱེད་བཞིན་ཡོད་མོད། རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་གནོད་འཚེའི་རྒུད་སྐྱོབ་ལས་དོན་དེ་འཁྲབ་སྟོན་གྱི་ངོ་བོར་བསྒྱུར་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་གོད་ཆགས་ཁྲོད་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་གཟའ་མིག་དམར་ཉིན་ཐོག་མའི་གྲངས་ཀ་རྐྱེན་འདས་སུ་ཕྱིན་པ་མི་གྲངས་༡༢༦དང་བྱུང་བ་རྒྱ་ནག་གཞུང་གིས་བསྒྲགས་རྗེས་འདི་ཚེས་༡༠་བར་ཉིན་གྲངས་གསུམ་ཕྱིན་ཡང་རྒྱ་གཞུང་གིས་གྲངས་འབོར་དེར་འགྱུར་བ་བཏང་མེད་པ་དང་། དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་ཕྱི་རྒྱལ་གྱི་རང་དབང་ཅན་གྱི་གསར་འགོད་པ་ས་ཡོམ་གྱི་གོད་ཆགས་ཐེབས་སའི་ཡུལ་དེར་གཅིག་ཀྱང་མེད་པ་རེད།

* ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ།

* བོད་ཀྱི་བླ་ཆེན་རྣམ་པས་ཐུགས་གསོ་བསྔོ་སྨོན་གནང་བའི་གནས་ཚུལ།

* འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་ཚོས་ཐུགས་གསོ་གནང་བའི་གནས་ཚུལ།


གསར་འགོད་པ། ཀླུ་འབུམ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎