བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་ཨ་རི་གཙོས་རྒྱ་གར་དང་ཐེ་ཝན་སོགས་ཀྱིས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུས་འདུག

2025.01.14
བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བར་ཨ་རི་གཙོས་རྒྱ་གར་དང་ཐེ་ཝན་སོགས་ཀྱིས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུས་འདུག བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་གྱི་གནོད་ཐེབས་ས་ཁུལ། ༠༡།༠༧།༢༠༢༥
སྒྲིག་བཟོ། /AFP / Chinese state media /Citizen photo

* ཚེས་༡༤ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།

སྤྱི་ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་སྟོད་དིང་རི་རྫོང་དང་། ངམ་རིང་རྫོང་། ལྷ་རྩེ་རྫོང་སོགས་སུ་ས་ཡོམ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག་ལ། ས་ཡོམ་གྱི་གོད་ཆགས་ཁྲོད་ད་བར་ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་དང་མི་ ༣༣༧ ལ་རྨས་སྐྱོན་ཕོག་པ། ཉུང་མཐར་སྡོད་ཁང་༣༦༠༩ ལ་གནོད་སྐྱོན་ཐེབས་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
ད་རེས་བོད་ནང་བྱུང་བའི་ས་ཡོམ་གྱི་གོད་ཆགས་ཐད་ཨ་རི་དང་། རྒྱ་གར། ཐེ་ཝན། ར་ཤི་ཡ་བཅས་ནས་སེམས་གསོ་དང་གདུང་སེམས་མཉམ་བསྐྱེད་ཞུས་འདུག

རྒྱ་གར།

རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་(Randhir Jaiswal)་ལགས་ཀྱིས་(X)་སྤྱི་ཚོགས་དྲྭ་རྒྱའི་ཐོག བོད་རང་སྐྱོང་ལྗོངས་སུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེན་ཕོག་པའི་རྐྱེན་གྱིས་མི་མང་པོའི་ཚེ་སྲོག་ཤོར་བ་དང་། རྒྱུ་ནོར་གྱི་གོད་ཆགས་ཆེན་པོ་བྱུང་བར་ང་ཚོ་རྒྱ་གར་གཞུང་དང་མི་དམངས་ཡོངས་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། རྐྱེན་ལམ་དུ་ཕྱིན་པ་དང་གོད་ཆགས་ཕོག་པའི་ནང་མི་ཚོ་ང་ཚོའི་སེམས་ནང་ཡོད་པ་དང་མཉམ་དུ་སྨོན་ལམ་རྒྱག་བཞིན་ཡོད་ཅེས་བྲིས་འདུག


ཐེ་ཝན།

ཐེ་ཝན་གྱི་སྲིད་འཛིན་(Lai Ching-te)་ལགས་ཀྱིས་(X)་སྤྱི་ཚོགས་དྲྭ་རྒྱའི་ཐོག གངས་རི་ཇོ་མོ་གླང་མའི་ཉེ་འགྲམ་བོད་ཀྱི་ས་ཁུལ་ནང་ས་ཡོམ་གྱི་གོད་ཆགས་ཁྲོད་མི་མང་པོའི་ཚེ་སྲོག་ཤོར་བར་མྱ་ངན་ཞུ། ང་ཚོས་བོད་མི་དང་གནོད་འཚེ་ཕོག་མཁན་ཚང་མར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ས་ཡོམ་ཀྱི་གོད་ཆགས་འོག་ཚུད་པ་རྣམས་གང་མགྱོགས་མྱུར་སྐྱོབ་ཐུབ་པ་དང་། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་ཅེས་བྲིས་འདུག


ར་ཤི་ཡ།

ར་ཤི་ཡའི་སྲིད་འཛིན་(Vladimir Putin)་ལགས་ཀྱིས་བོད་ནང་ས་ཡོམ་གྱི་གོད་ཆགས་ཚབས་ཆེན་བྱུང་སྟེ་མི་མང་པོ་རྐྱེན་ལམ་དུ་ཤོར་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་སྙིང་ཐག་པ་ནས་སེམས་གསོ་ཡོད། རང་བྱུང་གནོད་འཚེའི་རྐྱེན་པས་རྐྱེན་འདས་སུ་ཕྱིན་པའི་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ལ། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་ཪ་ཤེ་ཡའི་གསར་ལམ་ནང་གནས་ཚུལ་སྤེལ་འདུག

ཧྥ་རན་སི།

ཧྥ་རན་སིའི་སྲིད་འཛིན་(Emmanuel Macron)་ལགས་ཀྱིས། ཧྥ་རན་སི་གཞུང་གིས་བོད་ཁུལ་དུ་ས་ཡོམ་ཚབས་ཆེན་བྱུང་བར་གྱོང་གུན་ཕོག་པའི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ལ་རོགས་རམ་གནང་འདོད་ཡོད་ཞེས་(X)་སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་འདུག

ཨ་རི།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་(Uzra Zeya)ལགས་ཀྱིས། བོད་ལྷོ་ཕྱོགས་སུ་བྱུང་བའི་ས་ཡོམ་གྱི་རྐྱེན་པས། གྲང་ངར་ཆེ་བའི་དུས་སྐབས་འདིར་རྐྱེན་འདས་སུ་གྱུར་བ་དང་། རྨས་སྐྱོན་ཕོག་པ། ས་གནས་གཞན་དུ་གནས་སྤོ་བྱེད་དགོས་བྱུང་བ་བཅས་ཀྱི་ནང་མི་དང་། ཉེ་འབྲེལ་ཀུན་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ང་ཚོས་ས་ཡོམ་གྱི་གོད་ཆག་ཕོག་པའི་བོད་མི་དང་མི་རིགས་གཞན་པ་ཚང་མར་རྒྱབ་སྐྱོར་ཞུ་རྒྱུ་དང་། ཁོང་རྣམ་པ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སྤྱི་ཚོགས་དྲྭ་རྒྱ་(Xསྟེང་གནས་ཚུལ་སྤེལ་འདུག དེ་མ་ཟད་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མེ་ཐུ་ཀི་ལར་(Mathew Killer)ལགས་ཀྱིས། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ ཉིན་བོད་ལྷོ་ཕྱོགས་སུ་ས་ཡོམ་གྱིས་གོད་ཆག་ཕོག་པའི་མི་མང་ཡོངས་ལ་ཨ་རིའི་གཞུང་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ང་ཚོས་གནས་སྟངས་ལ་རྟོག་ཞིབ་ནན་པོ་བྱེད་བཞིན་ཡོད་པ་དང་། ཨ་རིའི་གཞུང་གི་རོགས་རམ་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡིན། ཞེས་གསུངས་འདུག

རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་ཁོང་ཚོའི་སྤྱི་ཚོགས་དྲྭ་རྒྱ་ཁག་ནང་བོད་ཡིག་ཐོག་བྲིས་གནང་བའི་ནང་། བོད་ལ་ས་ཡོམ་བརྒྱབ་པར་གདུང་སེམས་མཉམ་བསྐྱེད་ཞུ།
ཨ་རིའི་གཞུང་ཚབ་ཁང་ནས་བོད་ནང་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྨས་སྐྱོན་ཕོག་མཁན་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཅེས་བྲིས་འདུག

མཉམ་འབྲེལ་རྒྱལ་ཚོགས།

་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཊོ་ནིའོ་ གྷུ་ཊེ་རེསི་ (António Guterres)ལགས་ནས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་ས་ཡོམ་རྐྱེན་གྱིས། ཚེ་སྲོག་གནོད་སྐྱོད་ཚབས་ཆེན་བྱུང་བ་དང་གོད་ཆག་ཤུགས་ཆེར་བྱུང་བར་བློ་ཕམ་དང་སྐྱོ་སྣང་ཤུགས་ཆེར་བྱུང་ལ། རྨས་སྐྱོན་ཕོག་མཁན་ཚོར་མྱུར་དུ་དྲག་སྐྱེད་འབྱུང་བའི་སྨོན་འདུན་ཞུ་བ་དང་། གནོད་འཚེ་ཕོག་ཡུལ་གྱི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་དང་སེམས་གསོ་ཞུ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ཡོམ་གོད་ཆག་གི་གནས་སྟངས་ཐད་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་པ་དང་། གལ་སྲིད་རོགས་རམ་དགོས་པ་བྱུང་ན་གྲ་སྒྲིག་ཨང་གསར་ཡོད་ཅེས་གསུངས་འདུག ཡང་གེར་གྷི་སི་ཐན་གྱི་སྲིད་འཛིན་ས་ཊོར་ཇ་པ་རོབ་(Sadyr Japarov)ལགས་ནས། སྒེར་གྱི་ཏར་འཕྲིན་(telegram)སྤྱི་ཚོགས་དྲ་ལམ་བརྒྱུད། ངོས་ནས་བོད་ནང་དུ་ས་ཡོམ་གོད་ཆག་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་བས་སེམས་གཏིང་ནས་སྐྱོ་སྣང་བྱུང་ལ། འདིར་ངོས་ནས་གེར་གྷི་སི་ཐན་མི་མང་ཡོངས་དང་ང་རང་གི་ཚབ་བྱས་ཏེ། ས་ཡོམ་གོད་ཆག་ཁྲོད་རྐྱེན་ལམ་དུ་ཤོར་བའི་ནང་མི་གཉེན་ཉེ་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་། རྨས་སྐྱོན་ཕོག་པ་ཚོ་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་དང་། དཀའ་སྡུག་ཆེ་བའི་དུས་སྐབས་ཁ་གསབ་བྱེད་ཐབས་བྲལ་བའི་གྱོད་གུད་དང་སྡུག་བསྔལ་མཉམ་འཁུར་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

རྒྱ་གར་ཨ་རུ་ན་ཅལ།

རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ནས། སྒེར་གྱི་སྤྱི་ཚོགས་དྲ་ལམ་(X) བརྒྱུད། ངོས་ནས་བོད་དང་བལ་ཡུལ་གྱི་ས་མཚམས་ཁུལ་དུ་ས་ཡོམ་ཤུགས་ཆེན་བརྒྱབ་པ་ཐོས་རྗེས་སེམས་གཏོང་ནས་སྐྱོ་སྣང་བྱུང་ལ། རིན་ཐང་བྲལ་བའི་ཚེ་སྲོག་ཤོར་བ་དང་རྒྱུ་ནོར་ལ་གྱོང་གུད་བྱུང་བ་ནི་དངོས་གནས་ཡིད་སེམས་སྐྱོ་དགོས་ཞིག་ཏུ་གྱུར་ཡོད་པས། ངོས་ནས་ཚེ་སྲོག་ཤོར་བའི་ནང་མི་དང་དེ་དག་གཉེན་ཉེ་དག་གདུང་སེམས་མཉམ་སྐྱེད་དང་།འདས་པོ་རྣམས་ཀྱི་རྣམ་ཤེས་བདེ་བར་གནས་པ་དང་། ས་ཡོམ་གོད་ཆག་ཁྲོད་རྨས་སྐྱོན་ཕོག་པ་རྣམ་མྱུར་དུ་དྱག་སྐྱེད་དང་། ས་ཡོམ་གྱིས་ཤུགས་རྐྱེན་ཐེབས་མཁན་ཡོངས་ལ་སྐྱབས་མཇུག་སྨོན་ལམ་ཞུ་བཞིན་ཡོད་ཅེས་གསུངས་འདུག ཡང་བྷེ་ལ་རའེ་སུའི་སྲིད་འཛིན་ཨ་ལེ་སན་ཊར་ལུ་ཀ་ཤེན་ཀོ་(Aleksandr Lukashenko)ལགས་ནས་བོད་ནང་གི་དིང་རི་ཁུལ་དུ་ས་ཡོམ་གོད་ཆག་བྱུང་བར་ཐུགས་གསོ་མཛད་པའི་ནང་། ངོས་ནས་བོད་ནང་ས་ཡོམ་རྐྱེན་གྱིས་གནོད་འཚེ་ཤུགས་ཆེན་བྱུང་བའི་གནས་ཚུལ་ཐོས་རྗེས་བློ་ཕམ་ཤུགས་ཆེར་བྱུང་ལ། ངོས་ནས་བྷེ་ལ་རའེ་སུ་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་ས་ཡོམ་གོད་ཆག་ཁྲོད་ཚེ་སྲོག་ཤོར་བ་ཡོངས་ཀྱི་ནང་མི་གྲོགས་པོ་ཚོར་གདུང་སེམས་མཉམ་སྐྱེད་དང་། རྨས་མ་ཚོ་མྱུར་དུ་དྱག་སྐྱེད་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས་འདུག 

ཨི་ཊ་ལི།

ཨི་ཊ་ལི་སྲིད་འཛིན་སར་ཇི་འོ་མེ་ཊི་རེ་ལ(Sergio Mattarella)ལགས་ནས། ས་ཡོམ་གོད་ཆག་ཁྲོད་ཚེ་སྲོག་ཤོར་བ་དང་། རྒྱུ་ནོར་ལ་གྱོང་གུད་ཤུགས་ཆེར་བྱུང་བར་གདུང་སེམས་མཉམ་སྐྱེད་དང་། ཨི་ཊ་ལི་མི་མང་ཡོངས་ནས་མྱ་ངན་ཞུ་བཞིན་ཡོད་ཅེས་གསུངས་འདུག དེ་ལྟར་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ངོས་ནས། བོད་ནང་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ས་ཡོམ་རྐྱེན་གྱིས། ཚེ་སྲོག་ཤོར་བ་དང་གནོད་འཚེ་ཤུགས་ཆེན་ཐེབས་པར་གདུང་སེམས་མཉམ་སྐྱེས་དང་། རྨས་མ་རྣམ་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་ཡོད་ཅེས་བཀོད་འདུག

ཉི་འོང་།

དེ་བཞིན་ཉི་འོང་གི་སྲིད་བློན་ཤི་གེ་རུ་ཨི་ཤི་བ་(Shigeru Ishiba)ལགས་ནས་བོད་ནང་ས་ཡོམ་རྐྱེན་གྱིས་གོད་ཆག་ཤུགས་ཆེར་བྱུང་བར་བློ་ཕམ་དང་། རྐྱེན་འདས་སུ་ཕྱིན་པ་དང་གནོད་འཚེ་ཕོག་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་། ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པ་ཚོ་མྱུར་དུ་དྱག་སྐྱེད་ཡོང་བའི་གསོལ་སྨོན་ཞུ་བཞིན་ཡོད་ཅེས་གསུངས་འདུག་པ་མ་ཟད། པ་ཀི་སི་ཐན་དང་མཱ་ལེ་ཤི་ཡ། ཝེ་ཐི་ནམ་གྱི་མཐོ་རིམ་མགོ་ཁྲིད་ཁག་ནས་བོད་ནང་གི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་ཞུས་པ་སོགས་བྱུང་འདུག

ཁེ་ཎ་ཌ།

ཁེ་ཎ་ཌའི་ཕྱི་འབྲེལ་ལས་ཁུངས་ཀྱིས་ཁོང་ཚོའི་སྤྱི་ཚོགས་དྲྭ་རྒྱའི་ཐོག བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བའི་རྐྱེན་གྱིས་མི་མང་པོའི་ཚེ་སྲོག་ཤོར་བ་དང་གཏོར་སྐྱོན་ཚབས་ཆེན་བྱུང་བར་ཁེ་ཎ་ཌའི་ངོས་ནས་བློ་ཕམ་དང་བཅས། ས་ཡོམ་ཁྲོད་གནོད་འཚེ་ཕོག་མཁན་དང་རྐྱེན་ངན་འདིའི་ཤུགས་རྐྱེན་ཐེབས་མཁན་ཚང་མར་གདུང་སེམས་མཉམ་བསྐྱེད་ཞུ། ང་ཚོས་ས་ཡོམ་གྱི་གནས་སྟངས་ལ་ལྟ་ཞིབ་བྱེད་བཞིན་ཡོད་ལ་རོགས་སྐྱོར་བྱ་རྒྱུའི་གྲ་སྒྲིག་ཡོད། ཅེས་བྲིས་འདུག
གཞན་ཁེ་ན་ཌའི་(Park Dale-High Park)་མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་བུ་ཁྲིད་ལགས་དཀར་པོ་ཆེ་ལགས་ཀྱིས། བོད་ཀྱི་སྟོད་དིང་རི་གཙོས་ཉེ་འཁོར་ས་གནས་ཁག་ནང་ས་ཡོམ་གྱི་གོད་ཆགས་ཕོག་པའི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ། ངའི་སེམས་གོད་ཆགས་ཕོག་མཁན་ཚོ་དང་མཉམ་དུ་ཡོད་ལ་ཁོང་ཚོར་དགོས་མཁོ་དང་མྱུར་སྐྱོབ་ལས་དོན་ཁག་རག་ཐུབ་པའི་རེ་བ་ཡོད་པ་ཡིག་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་སྤེལ་བ་མ་ཟད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡང་ངག་ཐོག་ནས་ངོ་སྤྲོད་གནང་བྱུང་།

ཨོསི་ཊརེ་ལི་ཡ།

སྤྱི་ཟླ་༡པོའི་ཚེས༡༠ཉིན་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དུ་ས་འགུལ་བྱུང་ནས་རྐྱེན་འདས་སུ་སོང་བ་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུས་འདུག
དེ་ཡང་ཨོསི་ཊརེ་ལི་ཡའི་(Australia)་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་(Susan Templeman)་སོགས་ཀྱི་མཚན་ཐོག་ནས་སྤེལ་བའི་གདུང་སེམས་མཉམ་སྐྱེད་ཀྱི་ཡིག་གེའི་ནང་། ད་རེས་བོད་ཀྱི་སྟོད་དིང་རི་ཕྱོགས་སུ་ས་ཡོམ་དྲག་པོ་བྱུང་ནས་གོད་ཆགས་ཚབས་ཆེན་ཐེབས་པར་གདུང་སེམས་མཉམ་སྐྱེད་ཞུ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནས་ཚུལ་ཕྱི་གསལ་ནང་གསལ་གྱིས་རོགས་སྐྱོར་བྱ་རྒྱུར་ཁག་ཐེག་ཐུབ་པར་ཧུར་བརྩོན་བྱ་རྒྱུ་ལས། བོད་མི་རྣམས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་ཐོབ་ཐང་ལ་དྲག་གནོན་མི་བྱེད་པའི་རེ་བ་ཡོད།
ཐེངས་འདིའི་ས་ཡོམ་གྱིས་བོད་ནང་གི་ཉམས་ཐག་གི་གནས་སྟངས་དེ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་པ་དང་། མི་ལོ་བདུན་བཅུའི་རིང་ལ་རྒྱ་ནག་གིས་བོད་ས་བཙན་བཟུང་གྱིས་བོད་མི་རྣམས་ལ་མནར་གཅོད་བཏང་ཡོད། གནས་སྐབས་འདིར་ངེས་པར་དུ་གནོད་འཚེ་ཕོག་ཡུལ་གྱི་མི་རྣམས་ཀྱི་བདེ་སྡུག་ཨང་དང་པོར་འཇོག་དགོས་པའི་སྐོར་སོགས་བྲིས་འདུག
གཞན་གྲོས་ཚོགས་ཀྱི་འཐུས་མི་(Dr. Sophie Scamps)་ལགས་ཀྱིས། ཨོསི་ཊརེ་ལི་ཡ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱ་དགོས་པའི་འབོད་སྐུལ་གནང་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་(Human Rights Watch)་སྤྱི་ཚེས་༧་ཉིན་(x)་དྲ་ཐོག་བརྙན་དང་བཅས་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་མི་ཚོར་རང་དབང་སྒོ་ནས་གནོད་འཚེ་ཕོག་ཁུལ་ལ་རོགས་སྐྱོར་དང་གནོད་འཚེར་གདོང་ལེན་བྱེད་བཅུག་དགོས་པའི་ཁར། འཇིགས་སྣང་བྱེད་མ་དགོས་པའི་སྒོ་ནས་ས་ཡོམ་གྱི་གོད་ཆགས་དང་གནོད་སེལ་ལས་དོན་སྐོར་ལ་གླེང་སློང་བྱེད་དུ་བཅུག་དགོས་ཞེས་འབོད་སྐུལ་བྱས་འདུག

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་(Maya Wang)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་གཞུང་གིས་དེ་སྔ་བོད་ནང་དཀའ་ངལ་འཕྲད་སྐབས་སྲིད་ཇུས་འཛིན་སྟངས་ལ་སྐྱོན་བརྗོད་དང་། སྔོན་ཆད་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་(Covid-19)་ཁྱབ་གདལ་སྐབས་དང་། སི་ཁྲོན་ཡུལ་ཤུལ་གྱི་ས་ཡོམ་གོད་ཆགས་སོགས་ཀྱི་སྐབས། རྒྱ་ནག་གཞུང་གིས་མི་མང་གི་བསམ་ཚུལ་དང་གོད་ཆགས་ཕོག་པར་རོགས་རམ་སོགས་ཀྱི་ལས་གཞིར་དམ་དྲག་ནན་པོ་བྱེད་ཐབས་བྱས་ཡོད་པ་དང་། ད་དུང་ཕྱི་རྒྱལ་གྱི་གསར་འགོད་པ་གནོད་འཚེ་ཕོག་ཁུལ་དུ་འགྲོ་འོང་བྱེད་པར་བཀག་འགོག་བྱས་པ། རྒྱ་ནག་གཞུང་གི་བཤད་ཕྱོགས་ལ་དགག་པ་བྱེད་སྲིད་པའི་ལས་འགུལ་བ་དང་། སྤྱི་ཚོགས་ཞབས་ཞུ་བ། ཡང་ན་དང་བླངས་པ་བཅས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པས། ད་རེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། རྒྱ་ནག་གཞུང་ལ་བཀག་སྡོམ་གྱི་བྱ་སྤྱོད་དེ་རིགས་ལག་བསྟར་མི་བྱེད་པར་བོད་མི་ཚོར་རང་དབང་ངང་རོགས་སྐྱོར་ཀྱི་ལས་དོན་སྒྲུབ་ཏུ་འཇུག་རྒྱུ་དང་། རོགས་སྐྱོར་ལས་དོན་ནང་མཉམ་ཞུགས་བྱེད་དུ་བཅུག་དགོས་པ་མ་ཟད། གོད་ཆགས་དེའི་ཐད་རྒྱ་ནག་གཞུང་གིས་ལས་དོན་སྒྲུབ་ཕྱོགས་ཐོག་ལ་འཇིགས་སྣང་མེད་པར་རང་དབང་ངང་གནས་ཚུལ་བཏོན་ཆོག་པ་དང་བསམ་ཚུལ་སྤེལ་ཆོག་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་སྟོད་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆགས་བྱུང་བའི་གནས་ཚུལ་གསང་བ་མ་བྱས་པར་ས་ཡོམ་གྱི་གནས་སྟངས་དངོས་གང་ཡིན་པ་དང་། ཤི་རྨས་ཀྱི་གྲངས་ཀ་སོགས་དངོས་ཡོད་གནས་ཚུལ་ཁ་གསལ་བཏོན་དགོས། གློ་བུར་དུ་ཤི་རྨས་ཀྱི་གྲངས་ཀ་མ་འཕར་བར་རང་སོར་གནས་པ་ནི་ཡོང་མི་སྲིད་པ་ཞིག་རེད་ཅེས་གསུངས་འདུག
དེ་སྔ་བོད་ནང་རང་བྱུང་གི་གོད་ཆགས་བྱུང་བའི་སྐབས། རྒྱ་ནག་གཞུང་གིས་ས་གནས་སུ་དམ་དྲག་དང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་རང་དབང་གིས་གནས་ཚུལ་ཕྱིར་བསྒྲགས་བྱེད་བཅུག་མེད་པའི་ཁར། རྒྱ་ནག་གཞུང་དང་བརྗོད་ཕྱོགས་མི་འདྲ་བའི་གནས་ཚུལ་སྤེལ་མཁན་མི་སྣ་འཛིན་བཟུང་དང་། ཕྱི་རྒྱལ་གྱི་གསར་འགོད་པའི་གནས་ཚུལ་བསྡུ་ལེན་ལ་འགོག་རྐྱེན་བཟོས་བའི་གནས་ཚུལ་བྱུང་ཡོད།

རྒྱབ་ལྗོངས།
རྒྱ་ནག་གི་གསར་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། གནོད་ཐེབས་ས་གནས་ཀྱི་ས་གནས་མི་མང་༣༠༠༠༠ཙམ་ས་གནས་གཞན་དུ་གནས་སྤོས་བྱེད་དགོས་བྱུང་བ་དང་། དེ་བཞིན་མི་གྲངས་༤༠༠ ཙམ་ས་ཡོམ་གྱི་གོད་ཆགས་ཀྱི་རྐྱེན་པས་ས་རྡོའི་འོག་ནས་སྲོག་བསྐྱབས་ཡོད་ལུགས་དང་། གཞིས་ཀ་རྩེའི་མངའ་ཁུལ་དུ་མི་གྲངས་འབུམ་བརྒྱད་ཙམ་གནས་སྡོད་བྱ་ཡུལ་སྡོད་ཁང་༣༦༠༠ ཙམ་ལ་ད་རེས་ཀྱི་ས་ཡོམ་དེས་གནོད་སྐྱོན་ཚབས་ཆེ་བཏང་ཡོད་འདུག
ས་ཡོམ་གྱི་གནོད་ཐེབས་ས་གནས་སུ་དགུན་དུས་གནམ་གཤིས་གྲང་ངར་ཧ་ཅང་ཆེན་པོ་ཆགས་ཡོད་པའི་གནས་སྟངས་འོག གནོད་ཐེབས་ས་གནས་སུ་གནས་སྡོད་ཡུལ་མི་ཙམ་མ་ཡིན་པར་མྱུར་སྐྱོབ་བྱེད་མཁན་ཚོར་ཡང་དཀའ་ངལ་དང་གདོང་ལེན་འཕར་མ་འཕྲད་བཞིན་པ་རེད།

ད་རེས་ཀྱི་ས་ཡོམ་གོད་ཆགས་ཐད་བོད་ཀྱི་གཞིས་ཀ་རྩེའི་གྲོང་ཁྱེར་ནས་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཐེངས་འདིར་ས་ཡོམ་གྱི་གོད་ཆགས་བྱུང་ཡུལ་གཙོ་བོ་དེ་དིང་རི་རྫོང་ཡིན་ཞིང་། གཞིས་ཀ་རྩེ་རང་ནས་སྣོད་ཆས་སོགས་ས་ལ་ལྷུང་བ་སོགས་བྱུང་བ་ལས་ཁང་པ་བརྡིབ་པ་སོགས་བྱུང་ཡོད་པ་ད་སྔ་གོ་ཐོས་མ་བྱུང་ཅེས་དང་། དེ་བཞིན་ཁོང་གིས་རྩ་བའི་དིང་རི་རྫོང་ནི་བོད་ཀྱི་མཐའ་མཚམས་ས་ཁུལ་ཡིན་པས་ནམ་རྒྱུན་ནས་མི་གང་བྱུང་མི་གཏོང་ས་ཞིག་དང་། སྨན་བཅོས་སོགས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་ས་ཁུལ་ཞིག་ཡིན་དུས། མི་དམངས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པའི་བློ་ཚབས་ཡོད་པ་བརྗོད་བྱུང་།
རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ས་ཡོམ་དང་འབྲེལ་བའི་བརྙན་སོགས་ཁྱབ་སྤེལ་ཤུགས་ཆེར་བྱེད་བཞིན་ཡོད་པ་ལས། བོད་མི་ཚོས་སྡོད་ཁང་བརྡིབས་པ་དང་གྱང་ཆག་ཏུ་ལུས་པའི་ཤུལ་དུ་ངུ་ངག་འདོན་བཞིན་པ་དང་། དེ་བཞིན་ས་འོག་ཏུ་བསྣན་པའི་མི་སྣ་སྐྱོབ་བཞིན་པ་སོགས་མཐོང་རྒྱུ་འདུག་ལ། བརྙན་ཞིག་གི་ནང་དུ་བོད་མི་ཞིག་གིས་ད་བྱེད་རྒྱུ་གང་ཡང་ལྷག་མ་སོང་། རྒྱལ་བ་རིན་པོ་ཆེ་མཁྱེན་ཞེས་གསོལ་འདེབས་བྱེད་བཞིན་པ་དང་། གོད་ཆགས་བྱུང་བའི་བོད་མི་མང་པོ་ལྷན་གཅིག་ཏུ་འཛོམས་ནས་ཞལ་འདོན་འདོན་བཞིན་པ། ཉེ་འཁོར་གྱི་ཁང་པ་ཚང་མ་བརྡིབ་ནས་ཐལ་རྡུལ་གྱིས་ཁེངས་ཡོད་པ་སོགས་མཐོང་རྒྱུ་འདུག
ཡང་བོད་ཡུལ་སྟོད་སྨད་བར་གསུམ་ནས་བོད་མི་མང་པོས་སྤྱི་ཚོགས་དྲ་ལམ་དུ་དིང་རི་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་པའི་ཁྲོད། དིང་རི་ཤུགས་རྒྱོབས། ང་ཚོ་ནམ་ཡང་མཉམ་དུ་ཡོད་ཅེས་པ་དང་། ཡང་རིགས་གཅིག་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཞུ། ས་ཡོམ་གྱི་གོད་ཆགས་རྗེས་དིང་རི་སྔར་བཞིན་གཟི་བརྗིད་ངང་གནས་དགོས་ཞེས་པ་སོགས་བྲིས་འདུག
ཐེངས་འདིར་དིང་རི་རྫོང་གི་ས་ཡོམ་དེ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་། རྒྱ་གར། འབྲུག བྷང་ལ་དྷེ་ཤེ་སོགས་ནས་ཀྱང་འགུལ་ཚོར་བྱུང་ཡོད་པ་རེད།

* ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ།

གསར་འགོད་པ། གསར་འགོད་པ་རྣམ་པའི་གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎