བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པ་ ༣༣༧ ལ་ཕར་ཡོད་པ་དང་། དྲྭ་ཐོག་གནས་ཚུལ་བཀོད་སྤེལ་བྱེད་མཁན་ ༢༡ ལ་རྒྱ་གཞུང་གིས་ཉེས་ཆད་བཀལ་ཡོད་པ།
Updated: 2025.01.16 2.40 a.m. IST
ཁ་སྣོན། ཿ ༢༠༢༥།༠༡།༡༤ ཉིན་འགུལ་ལྷག་གྱི་གྲངས་འབོར་ཁ་སྣོན་ཞུས་ཡོད།
དབྱིན་ཡིག་དྲྭ་ཐོག་གི་གནས་ཚུལ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག་ཅིང་། མི་ ༡༢༦ རྐྱེན་འདས་དང་མི་ ༡༨༨ ལ་རྨས་སྐྱོན་ཕོག་པ་ཕྱི་ཚེས་ ༨ བར་གྱི་གྲངས་འབོར་ཐོན་པའི་ཐོག ཕྱི་ཟླ་ ༡ ཚེས་ ༡༠ ཉིན་འདས་གྲོངས་བྱུང་པའི་གྲངས་འབོར་རང་འཇགས་ཐོག་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༣༣༧ ལ་ཕར་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བསྒྲགས་འདུག་པ་ནི། ཕྱི་ཚེས་ ༧ ཉིན་ས་ཡོམ་བྱུང་ཕྲལ་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ བསྒྲགས་པའི་རྗེས་སུ་གྲངས་ཕར་གྱི་གནས་སྟངས་ཕྱི་བསྒྲགས་བྱས་པ་ཐོག་མར་དེ་ཆགས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༡ ཚེས་ ༧ ནས་ཚེས་ ༡༤ ཉིན་གྱི་ས་གནས་ཀྱི་སྔ་དྲོའི་ཕྱག་ཚོད་ ༨ བར་ས་ཡོམ་གྱི་འགུལ་ལྷག་འཕྲོ་ཡོམ་ ༣༦༡༤ ཙམ་བྱུང་ཡོད་པ་བརྗོད་ཡོད་ཅིང་། ཕྱི་ཚེས་ ༡༣ ཉིན་འཕྲོ་ཡོམ་འགུལ་ཚད་ ༥.༡ བྱུང་པ་འདི་ཚེས་ ༡༤ བར་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་རེད།
བོད་ནང་ནས་ས་ཡོམ་གོད་ཆག་བྱུང་ཡུལ་དུ་མྱུར་སྐྱོབ་ཆེད་བསྐྱོད་དེ་མི་ཤི་རྨས་ཀྱི་གནས་བབ་དངོས་སུ་མཐོང་མཁན་ཁག་ཅིག་གིས་ཕྱི་ཟླ་ ༡ ཚེས་ ༨ ཉིན་བརྗོད་དོན་ལྟར་ན། ཉུང་མཐར་མི་གྲངས་ ༢༠༠ རྐྱེན་འདས་སུ་གྱུར་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། ས་ཡོམ་གྱི་གནོད་འཚེ་ཚབ་ཆེ་ཤོས་ཕོག་ཡུལ་གྲམ་མཚོ་ཤང་གི་མགུ་རིང་གྲོང་ཚོ་གཅིག་པུའི་ནང་མི་གྲངས་ ༣༠ ལྷག་རྐྱེན་འདས་སུ་གྱུར་ཡོད་བོད་ནང་འབྲེལ་བ་ཡོད་པའི་རྒྱ་གར་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། ཡང་དིང་རི་རྫོང་གྲམ་མཚོ་ཤང་ནས་ཡིན་པའི་ཡུལ་མིས། ཐེངས་འདིའི་ས་ཡོམ་གྱི་གོད་ཆག་རྐྱེན་གྱིས་གྲམ་མཚོ་ཤང་གཅིག་པུ་ནས་མི་གྲངས་ ༡༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་སྐོར་དྲྭ་ལམ་བརྒྱུད་བསྒྲགས་བཞིན་འདུག
དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཀལ་པ། ༢༠༢༥།༠༡།༡༥
རྒྱ་ནག་གཞུང་གིས་ཡུལ་ཚོ་རེ་རེ་བྱས་ཏེ་ས་ཡོམ་སྐོར་གྱི་གནས་ཚུལ་སྤྱི་ཚོགས་དྲ་ལམ་དུ་གཏོང་མི་ཆོག་པའི་བཙན་སྐུལ་བྱེད་བཞིན་ཡོད་ཅིང་། ས་ཡོམ་བྱུང་ཁུལ་དུ་ཡོང་མཁན་ཚོར་ཉེན་རྟོག་པས་སྐོར་སྲུང་འོག་དྲ་ལམ་ཐད་གཏོང་སོགས་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་པ་དང་། དྲ་ལམ་ཁག་ཏུ་བོད་མི་ཚོས་གཏོང་བཞིན་པའི་པར་བརྙན་སོགས་ནག་བསུབ་བཏང་སྟེ་མཐོང་མི་ཐུབ་པ་བཟོ་བཞིན་འདུག་ལ། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གྱིས་ཕྱི་ཚེས་ ༡༥ ཉིན་བསྒྲགས་པ་ལྟར་ན། དྲ་རྒྱ་བཀོལ་སྤྱོད་པ་ ༢༡ ལ་བོད་ཀྱི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་ཁྱབ་སྤེལ་བྱས་པར་ཉེས་ཆད་བཏང་ཡོད་ལ། འདི་ནི་འདས་པའི་བདུན་ཕྲག་གཅིག་གི་ནང་ང་ཚོར་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱི་བརྗོད་པ་ལྟར། དྲྭ་ཐོག་གཙང་སེལ་ཞེས་པའི་མིང་ཐོག་ནས་ད་བར་དྲྭ་ཐོག་གནས་ཚུལ་གཤོད་མཁན་དང་གནས་ཚུལ་སྤེལ་མཁན་ས་ཡོམ་གྱི་འདས་གྲོངས་གྲངས་ཐོའི་སྐོར་ "རྫུན་གཏམ་ཁྱབ་སྤེལ་" བྱས་པར་ཉེས་འཛུགས་བྱས་ཡོད་པ་དང་། མི་སྣ་དེ་དག་གིས་འདས་གྲོངས་གྱུར་བའི་གྲངས་འབོར་ ༢༠༠ ལྷག་ཡོད་པ་དང་། ཁོང་ཚོའི་ཁྲོད་ནས་གཅིག་གིས་ ༢༦༥ ཡིན་པའི་གནས་ཚུལ་སྤེལ་ཡོད་པ་དེ་དག་རྒྱུ་མཚན་དུ་ལུང་འདྲེན་བྱས་འདུག
རྒྱ་ནག་གཞུང་གིས་མི་མང་ལ་བདེ་འཇགས་སྐྲུན་ཡོད་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་ན་ཡང་། ད་བར་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པའི་ཁ་གྲངས་དང་ས་ཡོམ་གྱི་དོན་དངོས་གནས་ཚུལ་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། ཕྱི་ཚེས་ ༡༣ ཉིན་ས་ཡོམ་བྱུང་ཡུལ་དུ་ཡུལ་མི་ཞིག་གིས་ས་ཡོམ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་བཤད་ན་དམ་དྲག་བྱས་ཡོང་གི་འདུག་པས། ད་ནས་བཟུང་ལ་ང་ལ་ས་ཡོམ་སྐོར་གྱི་གནས་ཚུལ་དྲིས་ན་བཤད་ཐབས་མེད་ཅེས་བརྗོད་བཞིན་པ་མཐོང་རྒྱུ་འདུག
མ་ཟད། རྒྱ་ནག་གཞུང་གི་སྤྱི་བདེ་དྲ་རྒྱ་བདེ་འཇགས་ལས་ཁུངས་ཀྱིས་གཞིས་ཀ་རྩེའི་ས་ཡོམ་དང་འབྲེལ་བའི་"དྲ་རྒྱའི་འུར་གཏམ་"ལ་མུ་མཐུད་དེ་དམ་བསྒྲགས་བྱ་རྒྱུ་དང་། "དྲ་རྒྱའི་འུར་སྒྲོག་དང་། ཁྱབ་སྤེལ། དར་ཁྱབ་" བཅས་ལ་དམ་བསྒྲགས་བྱ་རྒྱུ་ཡིན་པ་བརྗོད་འདུག
འདི་ག་རླུང་འཕྲིན་ཁང་གིས་ཕྱི་ཚེས་ ༡༤ ཉིན་ཤེས་རྟོགས་བྱུང་པར་གཞིགས་ན། ཁ་པར་ཐོག་ནས་རོགས་སྐྱོར་གྱི་ཞལ་འདེབས་སྤྲོད་རེས་བྱེད་པར་བཀག་བསྡོམས་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་གཅིག་གིས་བརྗོད་ན། ད་རེས་མང་ཚོགས་ཀྱིས་དྭང་བླངས་ཞལ་འདེབས་ཧ་ཅང་མང་པོ་བསྐྱོན་གྱི་ཡོད་པར་བརྟེན། རྒྱ་ནག་གཞུང་ལ་ཁ་སྐྱེངས་པོ་བྱུང་པ་རེད་ཟེར་བ་དང་། ད་ལྟའི་ཆར་སྤྱི་ཚོགས་དྲྭ་ལམ་ཐོག་གཞུང་འབྲེལ་གྱི་བརྒྱུད་ལམ་དང་། ས་གནས་སོ་སོའི་གཞུང་འབྲེལ་བརྒྱུད་ལམ་ཐོག་ས་ཡོམ་གྱི་གནས་ཚུལ་བཀོད་ཡོད་པ་ལས། དྲྭ་རྒྱའི་ཐོག་གྲགས་ཆེ་བའི་མི་སྒེར་གྱི་ཁ་བྱང་ཐོག་ས་ཡོམ་སྐོར་ལ་དམ་བསྒྲགས་བྱས་པར་བརྟེན་ས་ཡོམ་གྱི་གནས་ཚུལ་བཤད་མཁན་ཉུང་དུ་སོང་ཡོད་པ་བརྗོད་བྱུང་།
དགོན་པ་གཏོར་བཤིག་བྱུང་པ།
རྒྱ་ནག་གཞུང་འབྲེལ་རིག་དངོས་ལས་ཁུངས་དང་གཞིས་ཀ་རྩེ་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཟེར་བ་སོགས་ཀྱིས། བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། རིག་དངོས་རྩ་ཆེན་ཁག་ལ་གཏོར་སྐྱོན་དམིགས་བསལ་བྱུང་མེད་སྐོར་བཀོད་ཡོད་ཀྱང་། བོད་ནང་ནས་བོད་མི་ཁག་ཅིག་དང་བཙན་བྱོལ་ནང་གི་འབྲེལ་ཡོད་གཅིག་བཅས་ཀྱིས་གསུངས་ན། ལོ་རྒྱུས་ཡུན་རིང་ལྡན་པའི་གྲམ་མཚོ་ཟེར་དཀར་དགོན་དང་མཚོ་ལྔ་ཆོས་སྡེ་དགོན། མཚོ་སྒོ་དགོན་སོགས་ལ་གཏོར་སྐྱོན་ཤུགས་ཆེར་ཐེབས་ཡོད་པ་མ་ཟད། ལྷ་རྩེ་དང་ས་སྐྱ། གཏིང་སྐྱེས་སོགས་ནས་དགོན་པ་ཁག་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བྱུང་ཡོད་པ་བརྗོད་བྱུང་ལ། འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་ཆར་ཉུང་མཐར་དགོན་པ་ ༨ ཙམ་ལ་གནོད་སྐྱོན་ཐེབས་ཡོད་འདུག
ད་བར་ཡུལ་དེའི་ས་ཡོམ་ཁྲོད། ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བྱུང་བའི་དགོན་པའི་གྲངས་ཐོའི་ཁྲོད། གྲམ་མཚོ་ཟེར་དཀར་ཆོས་སྡེ། དགོན་ཏ་ཕུག མཚོ་ལྔ་ཆོས་སྡེ། མཚོ་སྒོ་དགོན། ཆོས་ལུང་དགོན། བདག་ཕུག་དགོན། བཀྲ་ཤིས་འཛོམས་རུང་ཕུ་དགོན། ལྷ་རྩེ་རྫོང་མང་ཕུ་གྲོང་ཚོའི་ཆོས་གླིང་དགོན་བཅས་ཡོད་པ་དང་། དེའི་ཁྲོད་ནས་ཟེ་དཀར་དགོན་ནི་དུས་རབས་ ༡༥ ནང་ཕྱག་བཏབ་པའི་དགོན་སྡེ་རྙིང་གྲས་ཤིག་ཡིན་པ་དང་། བོད་ནང་གི་འབྲེལ་ཡོད་ནས་མུ་མཐུད། ས་ཡོམ་བྱུང་ཁུལ་དང་ཐག་ཉེ་བའི་ལྷ་རྩེ་དང་ས་སྐྱ། གཏིང་སྐྱེས་སོགས་ཀྱི་ནང་དགོན་པ་ཁག་ལ་གཏོར་སྐྱོན་བྱུང་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་དམ་དྲག་ཤུགས་ཆེན་བྱས་རྐྱེན། ཞིབ་ཕྲའི་གནས་ཚུལ་ཐད་རྒྱུས་ལོན་བྱེད་བཅུག་གི་མེད་པ་གསུངས་བྱུང་།
རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིའི་ས་ཡོམ་ཁྲོད་རྫོང་རིམ་པའི་རིག་དངོས་དགོན་པ་གཉིས་ལ་གཏོར་ཤུགས་ཆེན་པོ་ཐེབས་ཡོད་སྐོར་ཙམ་ལས། བཀྲ་ཤིས་ལྷུན་པོ་དང་། གནས་བརྒྱ་བྲག་ཕུག ཞ་ལུ་དགོན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་ལ་གཏོར་སྐྱོན་མངོན་གསལ་དོད་པོ་ཕོག་མེད་སྐོར་བསྒྲགས་ཀྱང་། འདི་སྐོར་ད་ཆ་མུ་མཐུད་རྩད་འཚོལ་བྱ་མུས་ཡིན།
ད་ཆ་དིང་རིའི་ས་ཡོམ་བྱུང་ནས་གཟའ་འཁོར་གཅིག་ལྷག་སོང་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་ཁང་གིས་རེས་གཟའ་མིག་དམར་བར་འགུལ་ལྷག་འཕྲོ་ཡོམ་འཕྲོ་ ༣༦༡༤ བྱུང་ཡོད་པ་དང་། ཤུགས་ཚད་ཆེ་ཤོས་ཕྱི་ཚེས་ ༡༣་ དགོང་མོ་བྱུང་བའི་ཚད་རིམ་ ༥.༡ བརྒྱབ་ཡོད་པ་དེ་ཡིན་པ་རེད།
དམ་དྲག་དང་གཞུང་གི་དྲིལ་བསྒྲགས། ༢༠༢༥།༠༡།༡༤
བོད་ནང་ས་ཡོམ་སྐོར་གྱི་གནས་ཚུལ་ཕན་ཚུན་གཏོང་རེས་བྱེད་པར་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ཁ་པར་ཐོག་ནས་ཞལ་འདེབས་སྤྲོད་རེས་བྱེད་པར་ཡང་བཀག་བསྡོམས་བྱེད་ཀྱི་ཡོད་པའི་ཐོག སྤྱི་ཚོགས་དྲྭ་ལམ་ཐོག་མང་ཚོགས་ལ་རོགས་སྐྱོར་གྱི་དངུལ་དང་དངོས་ཟོག་སྤྲོད་པའི་བརྙན་འགྲེམས་སྤེལ་བྱེད་པར་ཡང་དམ་བསྒྲགས་བྱེད་ཀྱི་ཡོད་པ་ཕྱི་ཚེས་ ༡༤ ཉིན་བོད་ནང་ནས་འབྲེལ་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
འབྲེལ་ཡོད་གཅིག་གིས་མུ་མཐུད་བརྗོད་ན། ད་རེས་མང་ཚོགས་ཀྱིས་དྭང་བླངས་ཞལ་འདེབས་ཧ་ཅང་མང་པོ་བརྒྱབ་པར་བརྟེན་རྒྱ་ནག་གཞུང་ལ་ཁ་སྐྱེངས་པོ་བྱུང་པ་རེད་ཟེར་བ་དང་། ད་ལྟའི་ཆར་སྤྱི་ཚོགས་དྲྭ་ལམ་ཐོག་གཞུང་འབྲེལ་གྱི་བརྒྱུད་ལམ་དང་། ས་གནས་སོ་སོའི་གཞུང་འབྲེལ་བརྒྱུད་ལམ་ཐོག་ས་ཡོམ་གྱི་གནས་ཚུལ་བཀོད་ཡོད་པ་ལས། དྲྭ་རྒྱའི་ཐོག་གྲགས་ཆེ་བའི་མི་སྒེར་གྱི་ཁ་བྱང་ཐོག་ས་ཡོམ་སྐོར་ལ་དམ་བསྒྲགས་བྱས་པར་བརྟེན་ས་ཡོམ་གྱི་གནས་ཚུལ་བཤད་མཁན་ཉུང་དུ་སོང་ཡོད་པ་བརྗོད་བྱུང་ལ། གྲགས་ཆེ་བའི་དྲྭ་ལམ་ཐོག་གནས་ཚུལ་བཀོད་སྤེལ་བྱེད་མཁན་ཁག་ཅིག་གིས་ས་ཡོམ་དང་འབྲེལ་བའི་གནས་ཚུལ་གང་བྱུང་ཐད་གཏོང་ངམ་བརྒྱུད་བསྒྲགས་བྱེད་རྒྱུར་དཀའ་ངལ་ཡོང་གི་འདུག་ཅེས་བརྗོད་པ་མངོན་རྒྱུ་འདུག
བོད་ནང་ནས་འབྲེལ་ཡོད་ཁག་ཅིག་གིས་བརྗོད་ན། ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་གུར་དང་གནས་སྐབས་སྡོད་ཁང་བརྒྱབ་པ་དེ་ཚོའི་སྟེང་རྒྱ་ནག་གི་རྒྱལ་དར་ཆེད་དུ་བཙུགས་བཅུག་པ་དང་། རྒྱ་ནག་གཞུང་གིས་མང་ཚོགས་ལ་སྤྲད་པའི་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་པར་རིས་པར་སྒྲོམ་སོགས་གུར་དང་གནས་སྐབས་སྡོད་ཁང་ནས་བཀལ་བཅུག་གི་ཡོད་པ་ཡང་བརྗོད་བྱུང་།
དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་གསུང་མི་འཇུག་པ། ༢༠༢༥།༠༡།༡༣
བོད་ནང་གི་དིང་རི་ཡིས་གཙོས་ཉེ་འཁོར་ས་གནས་ཁག་ཏུ་ཕྱི་ཚེས་ ༧ ཉིན་ས་ཡོམ་འགུལ་ཚད་ ༧.༡ ཅན་བྱུང་སྟེ། མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེར་བྱུང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༣ ཉིན་བདུན་ཕྲག་གཅིག་འགྲོ་བཞིན་པ་དང་། རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་བྱུང་ཁུལ་ལྟེ་བ་གྲམ་མཚོ་ཡུལ་ཚོའི་ནང་དམག་གིས་སྐོར་སྲུང་དང་། ས་གནས་སུ་མི་སྣ་གཙང་སེལ་ཞེས་འབོད་དེ་རོགས་སྐྱོར་དངོས་ཟོག་བགོ་འགྲེམས་བྱེད་མཁན་དང་། རོགས་སྐྱོར་མི་སྣ་སོགས་གཅིག་ཀྱང་ཡོང་བཅུག་གི་མེད་པ་དང་། ལྷག་པར་དུ་དགེ་འདུན་པ་སོགས་ས་གནས་སུ་ཡོང་ནས་བསྔོ་སྨོན་བྱེད་བཅུག་གི་མེད་པ་དང་། ཕྱི་ཚེས་ ༡༢ ཉིན་ནས་བཟུང་ས་ཡོམ་བྱུང་ཁུལ་དུ་རོགས་སྐྱོར་མི་སྣ་རྩ་ནས་གཏོང་གི་མེད་པ་དང་། བོད་ཀྱི་ས་ཁུལ་ཐག་རིང་ཁག་ནས་རོགས་སྐྱོར་དུ་ཡོང་མཁན་ཚོས། ས་ཡོམ་བྱུང་ཁུལ་དུ་འགྲོ་སྐྱོད་ཙམ་བྱེད་ཆོག་པའི་རེ་བ་བྱས་ཀྱང་། གཞུང་གི་བཀོད་ཁྱབ་ཡིན་སྐོར་བརྗོད་ནས་ཆོག་མཆན་ཡིག་ཆ་རྩ་ནས་སྤྲོད་ཀྱི་མེད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕུང་པོ་གྲངས་བཤེར་བཀག་སྡོམ་བྱས་པ། ༢༠༢༤།༠༡།༡༡
ཕྱི་ཟླ་ ༡ ཚེས་ ༡༡ རེས་གཟའ་སྤེན་པའི་ཉིན་འདི་ག་རླུང་འཕྲིན་ཁང་གིས་དིང་རི་རྫོང་སྨན་ཁང་ལ་འབྲེལ་བ་བྱས་ནས་ས་ཡོམ་གྱི་གོད་ཆག་གིས་རྐྱེན་པས་མི་གྲངས་ཇི་ཙམ་རྐྱེན་འདས་སུ་ཕྱིན་ཡོད་མེད་སྐོར་དྲིས་པར་འདས་གྲོངས་ཕྱིན་པའི་མིའི་ཕུང་པོ་གཙང་བཟོ་སོགས་བྱེད་མཁན་གྱི་སྨན་ཁང་གི་ལས་བྱེད་པས། དིང་རི་རྫོང་དང་ལྷ་རྩེ་རྫོང་གཉིས་ནས་མི་གྲངས་ ༤༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པའི་ཚོད་དཔག་གནང་གི་འདུག་ཅིང་། འདི་ནི་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ནང་ཕྱི་ཚེས་ ༡༡ བར་ས་ཡོམ་འོག་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ ༡༢༦ ལས་ལྡབ་ཀྱི་མང་བ་ཆགས་ཡོད་པ་རེད།
གནས་ཚུལ་འགྲེལ་བརྗོད་པས་ད་དུང་། བོད་པའི་སྨན་པ་དང་སྨན་ཞབས་པ་ཚོས་ཕུང་པོའི་གྲངས་བཤེར་བྱེད་ཐབས་བྱས་ཀྱང་རྒྱ་ནག་གཞུང་གི་ལས་བྱེད་ཚོས་བཀག་འགོག་བྱས་པ་དང་། བདེ་འཇགས་ཀྱི་ཆེད་མིང་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་གནང་མཁན་སྨན་ཁང་གི་ལས་བྱེད་པ་དེས་ས་ཡོམ་གྱི་དོན་རྐྱེན་བྱུང་སྟེ་ཉིན་བཞི་པ་ཆགས་ཀྱི་ཡོད་ཀྱང་། ད་དུང་ཡང་གནོད་འཚེ་ཕོག་ཡུལ་གྱི་གྲོང་གསེབ་ཁག་ཅིག་ལ་རོགས་སྐྱོར་གྱི་མཁོ་ཆས་གང་ཡང་འབྱོར་མེད་པ་བརྗོད་བྱུང་ལ། གནོད་འཚེ་ཕོག་ཡུལ་གྱི་ས་ཁུལ་དུ་ཁང་པ་གཏོར་བཤིག་དང་མི་ཤི་རྨས་ཀྱི་ཚད་གཞི་དེ་ཧ་ལས་དགོས་པ་ཞིག་བྱུང་ཡོད་ལ། དེའི་ནང་དུ་སྒོ་ཕྱུགས་སེམས་ཅན་ཡང་མང་དག་ཅིག་ཤི་རྨས་བྱུང་པ་ཚུད་ཡོད་པ་རེད་དང་། གནོད་འཚེ་ཕོག་པའི་གྲོང་གསེབ་ཁག་ནས་ཕུང་པོ་མུ་མཐུད་དེ་འབྱོར་ཡོང་གི་འདུག་ཅེས་བརྗོད་བྱུང་།
ཉེ་ཆར་དིང་རུ་རྫོང་ཏུ་འབྱོར་བའི་སྨན་ཁང་གི་ལས་བྱེད་པ་གཅིག་གིས། འདས་གྲོངས་སུ་གྱུར་བ་ཚང་མ་གནོད་འཚེ་ཕོག་པའི་གྲོང་སྡེ་ཁག་སོ་སོ་ནས་འོར་འདྲེན་བྱས་ནས་དེང་རི་རྫོང་དུ་ཡོད་པའི་གུར་ཞིག་གི་ནང་དུ་བཞག་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ། འདས་གྲོངས་སུ་གྱུར་བའི་ཕུང་པོ་དེ་དག་ས་གནས་དེའི་གྲོང་ཚོ་ཁག་ནས་ཡིན་པས་ཁོང་ཚོ་ཚང་མ་དེ་བོད་མི་ཡིན་པ་བརྗོད་བྱུང་།
ཕྱི་ཟླ་ ༡ ཚེས་ ༩ བར་གྱི་གནས་ཚུལ་ཁག་ཅིག
ཡང་ཕྱི་ཚེས་ ༩ ཉིན་གནས་ཚུལ་ཤེས་རྟོགས་བྱུང་པར་གཞིགས་ན། ས་ཡོམ་གྱི་དོན་རྐྱེན་འོག་ཁང་པ་རྩ་གཏོར་གྱུར་པ་ ༣༦༠༩ ལྷག་དང་ཁང་པར་གཏོར་སྐྱོན་བྱུང་པ་གྲངས་ ༢༧,༢༤༨ བསྒྲགས་འདུག དེའི་ཁོངས་ཁྱིམ་ཚང་ ༣༦༡༢ ཀྱི་ཁང་པ་ལོག་ནས་མང་ཚོགས་དྲུག་ཁྲི་ཆིག་སྟོང་ལྔ་བརྒྱ་ (༦༡༥༠༠) ལྷག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་བསྒྲགས་འདུག རྒྱ་གཞུང་ས་གནས་དབང་འཛིན་པས་བརྗོད་པ་ལྟར་ན། ཕྱི་ཟླ་ ༡ ཚེས་ ༩ ཉིན་རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ནང་གི་དིང་རིར་ས་ཡོམ་ ༧.༡ བྱུང་རྗེས། འགུལ་ལྷག་འཕྲོ་ཡོམ་ཐེངས་ ༡༠༩༥ ལྷག་བྱུང་བ་དང་། དེའི་ནང་ནས་ས་ཡོམ་འགུལ་ལྷག་ཆེ་ཤོས་དེ་ས་ཡོམ་བྱུང་སའི་ལྟེ་གནས་ནས་ཀི་ལོ་མི་ཊར་ ༡༨ ཀྱི་སར་འགུལ་ཤུགས་ ༤་༤ བྱུང་ཡོད་པ་དེ་བརྩི་བཞིན་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་ལྗོངས་དམིགས་བསལ་གནོད་འཚེ་རྟོག་ཞིབ་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ལི་ལིང་ཟེར་བས། དིང་རིའི་ས་ཡོམ་དེ་བཞིན་ལྷ་སའི་ས་དུམ་གྱི་ནུས་ཚད་ཕྱིར་ནུར་བྱས་པ་ལས་བྱུང་ཡོད་པ་བརྗོད་པ་དང་། ས་ཡོམ་ཁྲོད་མི་སྣ་ཤི་རྨས་དང་གཏོར་བཤིག་ཚབས་ཆེ་བྱུང་བའི་རྒྱུ་མཚན་ནི། ཡུལ་དེའི་ཁང་པ་དང་སྡོད་གནས་སོགས་ས་ཁང་དང་རྡོ་ཁང་ཡིན་པས་སྒྲིག་གཞི་བརྟན་པོ་མ་བྱུང་བས་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག ཕྱོགས་མཚུངས་ཕྱི་ཟླ་ ༡ ཚེས་ ༧ ཉིན་'བོད་རང་སྐྱོང་ལྗོངས་ཀྱི་ཛ་དྲག་བཀོད་འདོམས་ལྟེ་གནས་"ཟེར་བའི་ལས་ཁུངས་ཀྱིས། བོད་ནང་བྱུང་བའི་ས་ཡོམ་གྱི་ཛ་དྲག་གདོང་ལེན་བྱེད་ཕྱོགས་ཀྱི་རིམ་པ་དེ་མཐོ་ཤོས་ཏེ་རིམ་པ་དང་པོའི་ཐོག་སྤར་ཡོད་སྐོར་བསྒྲགས་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ལུང་འདྲེན་བྱས་འདུག
མདོ་དབུས་ཁམས་གསུམ་གྱི་མང་ཚོགས་ཀྱིས་རོགས་སྐྱོར་གྱི་ལས་དོན་ཤུགས་ཆེ་སྤེལ་བཞིན་པ།
ཕྱི་ཚེས་ ༩ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་རྩེ་རྫོང་གི་དགག་སྒོ་ནས་རོགས་སྐྱོར་གྱི་དངོས་ཟོག་ཁག་གཞུང་གི་འབྲེལ་ཡོད་མི་སྣར་རྩིས་སྤྲོད་དགོས་པ་ལས་གང་བྱུང་བགོ་འགྲེམས་མི་ཆོག་པའི་དམ་དྲག་བྱས་ཡོད་ན་ཡང་། རོགས་སྐྱོར་མི་སྣ་མང་པོ་དེའི་གོང་ནས་ཉིན་མཚན་བྱས་ཏེ་འགྲུལ་བཞུད་ཀྱིས་ས་ཡོམ་གྱིས་གནོད་འཚེ་ཕོག་ཡུལ་དུ་འཛུལ་ཐུབ་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་ནས་ལྷ་རྩེ་རྫོང་གི་དགག་སྒོ་ནས་བཀག་འགོག་བྱེད་བཞིན་པ་མ་ཟད། ས་གནས་སུ་འགྲོ་སྐྱོད་ཆོག་པའི་ལམ་ཡིག་དགོས་སྐོར་སོགས་བརྗོད་ཡོད་པའི་བརྙན་སོགས་དྲ་ལམ་དུ་ཁྱབ་ཡོད་པ་དང་་། རྗེས་སུ་གཏན་འགོག་མ་ཐུབ་པར་གཞུང་གིས་བཀོད་སྒྲིག་ལྟར་གཏོང་གི་ཡོད་ན་ཡང་། མི་སྒེར་ངོས་ནས་ཅ་དངོས་སོགས་གང་བྱུང་སྤྲད་མ་བཅུག་པར། ས་གནས་གཞུང་གིས་བཀོད་སྒྲིག་བྱ་ཡུལ་དུ་འོར་འདྲེན་བྱེད་བཅུག་གི་ཡོད་པ་རེད་འདུག
དགོན་རྙིང་སོགས་ལ་གཏོར་སྐྱོན།
འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བའི་ཁྲོད། ལོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་ཡོད་པ། དིང་རི་གྲམ་མཚོ་ཟེར་དཀར་ཆོས་སྡེ། དགོན་ཏ་ཕུག མཚོ་ལྔ་ཆོས་སྡེ། མཚོ་སྒོ་དགོན། དིང་རི་ཆུ་ལྷོ་ཡུལ་ཚོའི་ནང་ཡོད་པའི་བདེ་བ་ཅན་དགོན་པ་བཅས་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་དང་། ས་ཡོམ་གནོད་འཚེ་ཕོག་ཤུགས་ཆེ་ཤོས་གྲམ་མཚོ་ཤང་གི་མགུ་རིང་གྲོང་ཚོ་དང་། ཟིང་དཀར་གྲོང་ཚོ། མཚོ་སྒང་ཤང་གི་སྐྱིད་ལྡིང་གྲོང་ཚོ། ཆུ་ལྷོ་ཤང་སོགས་ཡིན་པ་རེད།
ཕྱི་ཚེས་ ༡༠ ཉིན་སྔ་དྲོ་ནས་རྒྱ་ནག་གཞུང་འབྲེལ་བོད་རང་སྐྱོང་རང་སྐྱོང་ལྗོངས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བཏང་བའི་བརྡ་ཁྱབ་ཅེས་པ་ཞིག་སྤེལ་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས་པ། གནོད་འཚེ་ཕོག་པའི་མང་ཚོགས་ལ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ངོ་མ་ཚོར་ཐུབ་པ་བྱེད་དགོས་པ། སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བརྟན་བརླིང་ལ་འགན་འཁུར་ནས་ས་ཡོམ་གོད་ཆག་གི་རོགས་སྐྱོར་ངེས་པར་ཏན་ཏིག་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག
ཕྱི་ཚེས་ ༡༠ སྟེ་ས་ཡོམ་བྱུང་རྗེས་གྱི་ཉིན་གྲངས་ ༤ རྗེས་སུ་རྒྱ་ནག་གཞུང་འབྲེལ་གྱིས་ས་ཡོམ་གོད་ཆག་ཁྲོད་རོགས་སྐྱོར་མི་སྣ་ ༡༨༥༠ དང་ཐད་འཕུར་གནམ་གྲུ་ ༣ ། ས་ཕྱོགས་སོ་སོ་ནས་ཡོང་བའི་རོགས་སྐྱོར་རུ་ཁག་མི་གྲངས་ ༡༥༠༠ ཡོད་པ་བསྒྲགས་ཡོད་པ་རེད་ལ། ས་ཡོམ་གོད་ཆག་བྱུང་ཁུལ་དུ་མི་གྲངས་ཁྲི་ ༤ ལྷག་ལ་སྡོད་གནས་བཀོད་སྒྲིག་དང་། གུར་ ༡༢༧༣༠ ཕུབ་པ་སོགས་བསྒྲགས་ཡོད་པ་རེད།
ཕྱི་ཚེས་ ༩ བར་ཤི་རྨས་ཀྱི་གྲངས་འབོར་ལ་འགྱུར་བ་ཕྱིན་སྐོར་བསྒྲགས་མེད་པ།
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་ཕྱི་ཟླ་ ༡ ཚེས་ ༧ ནས་ ༡༠ བར་ས་ཡོམ་བྱུང་ནས་ཉིན་གསུམ་ལྷག་གི་ནང་ཚུད་དུ་མི་རྐྱེན་འདས་སུ་གྱུར་པའི་གྲངས་ཀ་དེ་ ༡༢༦ རང་འཇགས་གནས་ཏེ་གྲངས་ཐོ་ཕར་བ་བསྒྲགས་མེད་ཀྱང་། ཕྱི་ཚེས་ ༨ ཉིན་བོད་ནང་ནས་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན། མྱུར་སྐྱོབས་བྱེད་སྐབས་རྐྱེན་འདས་སུ་གྱུར་པའི་ཕུང་པོ་མང་པོ་ཐོན་གྱི་ཡོད་པས། མི་གྲངས་ ༢༠༠ ལྷག་རྐྱེན་འདས་སུ་གྱུར་ཟིན་པའི་ཚོད་དཔག་བྱེད་ཆོག་པ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ས་ཡོམ་གྱི་དོན་རྐྱེན་བྱུང་ནས་ཉིན་གཉིས་པའི་ཐོག་རྒྱ་ནག་གཞུང་གིས་ཤི་རྨས་ཀྱི་གྲངས་ཐོ་ཁ་སྣོན་བྱས་པ་གསལ་བསྒྲགས་མི་བྱེད་པར་ཕྱི་ཚེས་ ༨ བར་ ༡༢༦ རང་སོར་བཞག་པའི་ཐད། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། "རྒྱ་ནག་གིས་གནས་ཚུལ་སྦས་བསྐུངས་མི་བྱེད་པར་དིང་རིའི་ས་ཡོམ་གྱི་གནོད་སྐྱོན་སྐོར་གྱི་དངོས་ཡོད་གནས་སྟངས་དང་། ཤི་རྨས་ཀྱི་གྲངས་འབོར་ངོ་མ་ཁ་གསལ་བཟོ་དགོས། གྲངས་འབོར་དེ་དག་རེ་ཞིག་འགྱུར་བ་མེད་པར་གནས་པ་དེ་ཡོང་མི་སྲིད་པ་ཞིག་རེད།" ཅེས་གསུངས་བྱུང་།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་ཚོགས་པའི་ཟུང་འབྲེལ་འགན་འཛིན་སོ་ཧྥི་རི་ཆརཌི་སོན་ (Sophie Richardson) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། "ཁོང་ཚོས་(རྒྱ་ནག་གཞུང་)ས་གནས་ཁག་ཏུ་ཤི་རྨས་ཀྱི་གྲངས་འབོར་འཕར་མ་ཇི་བྱུང་འཚོལ་ཞིབ་བྱེད་མ་ཐུབ་པ་ཡིན་སྲིད། དེ་ལྟར་ཡང་ཟི་ཁྲོན་དུ་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་གཞུང་གིས་གྲངས་ཐོ་རྣམས་བཀག་སྡོམ་བྱས་པ་ཙམ་མ་ཟད། གོད་ཆག་དེའི་ནང་གི་ཤི་རྨས་ཀྱི་ཞིབ་འཇུག་བྱེད་མཁན་རྣམས་ལ་མངོན་གསལ་དོད་པོས་སྡུག་སྦྱོང་དང་ཁྲིམས་གཅོད་བྱས་ཡོད་པ་ཤེས་རྟོགས་ཡོད།" ཅེས་ཕྱི་ཚེས་ ༨ ཉིན་གསུང་བྱུང་།
ས་ཡོམ་སྐོར་གྱི་གནས་ཚུལ་ལ་བཀག་འགོག་དང་རྒྱ་གཞུང་གི་དྲིལ་བསྒྲགས།
བོད་ནང་ནས་འབྲེལ་ཡོད་མི་སྣ་ཞིག་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་འབྲེལ་ངོས་ནས་ས་ཡོམ་གྱི་ཁྲོད་མི་སྣ་ཤི་རྨས་འཚོལ་སྐྱོབ་མཚམས་འཇོག་གིས། རོགས་སྐྱོར་ལས་གཞི་མི་མང་གི་འཚོ་བའི་བདེ་འཇགས་བཀོད་སྒྲིག་ཆེད་བཀོལ་རྒྱུ་ཡིན་པ་བསྒྲགས་འདུག་ན་ཡང་། ཕྱི་ཟླ་ ༡ ཚེས་ ༩ ཉིན་ད་དུང་མི་མང་གིས་གྲོང་གསེབ་ཁག་ཏུ་ས་འོག་ཤོར་བའི་མི་སྣ་སྐྱོབ་བཞིན་ཡོད་པ་དང་། དེ་བཞིན་ས་ཡོམ་དང་འབྲེལ་དིང་རི་ཕྱོགས་ཀྱི་ན་གཞོན་མང་པོ་ཕྱི་ཕྱོགས་སུ་ཞོར་ལས་ལ་ཕྱིན་པས། ཐེངས་འདིའི་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པ་མང་བ་མི་རྒན་པ་དང་ལོ་ཆུང་ཕྲུ་གུ་ཡིན་སྐོར་བརྗོད་བྱུང་།
ཕྱི་ཚེས་ ༩ ཉིན་རྒྱ་ནག་གཞུང་འབྲེལ་གཞིས་ཀ་རྩེ་སྲིད་གཞུང་ངོས་ནས། ས་ཡོམ་དང་འབྲེལ་བའི་སྤྱི་ཚོགས་དྲ་ལམ་དུ་བཅོས་མའི་རིག་ནུས་ཀྱིས་བཟོས་པའི་པར་རིས་དང་། ས་ཡོམ་སྐོར་གྱི་པར་དང་བརྙན་སོགས་གང་བྱུང་བརྒྱུད་སྐུར་མི་ཆོག་པ་དང་། དེ་ལྟར་བྱས་པ་ཡིན་ན་ས་ཡོམ་གྱི་རོགས་སྐྱོར་ལས་དོན་ལ་གནོད་འཚེ་ཤུགས་ཆེ་ཐེབས་ཀྱི་ཡོད་པས། དེ་ལྟར་བྱེད་མཁན་རིགས་གོང་རིམ་ལ་ཡར་ཞུ་བྱས་ཏེ་ཉེས་ཆད་ལྕི་བོ་འགེལ་རྒྱུ་ཡིན་པ་སོགས་བསྒྲགས་འདུག
ལྷ་རྩེ་རྫོང་ཁུལ་གྱི་གནས་སྟངས།
ས་ཡོམ་གི་གནོད་འཚེ་ཕོག་ཡུལ་ལྷ་རྩེ་རྫོང་ཁུལ་དུ་སྡོད་གུར་མི་འདེང་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་བོད་ནང་ནས་གནས་ཚུལ་ཡོངས་ཁུངས་ཁག་ཅིག་ནས་ཤེས་རྟོགས་བྱུང་ལ། དེ་ཡང་རྒྱ་ནག་གཞུང་གི་མྱུར་སྐྱོབ་མི་སྣ་རྣམས་དིང་རིའི་ཕྱོགས་སུ་བསྐྱོད་དེ་ལྷ་རྩེ་རྫོང་ཁུལ་དུ་རོགས་སྐྱོར་དང་མྱུར་སྐྱོབ་རུ་ཁག་མང་ཆེ་བ་དམངས་ཁྲོད་ཀྱི་མང་ཚོགས་ཆགས་ཀྱི་ཡོད་འདུག ད་ཆ་དིང་རི་དང་ལྷ་རྩེ་རྫོང་གི་ཕྱི་ཕྱོགས་ནས་མང་ཚོགས་ཀྱི་ཞལ་འདེབས་དང་རོགས་སྐྱོར་བྱེད་མཁན་གྱི་སྣུམ་འཁོར་མོ་ཊ་མང་པོ་འགྲུལ་བསྐྱོད་བྱེད་ཀྱི་ཡོད་པས། ལམ་བར་དུ་འགྲིམ་འགྲུལ་གྱི་བགྲོད་ལམ་ཁག་ཏུ་ལམ་འགག་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་འདུག
སྒེར་གྱི་རོགས་སྐྱོར་ལ་བཀག་སྡོམ།
བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཚོས་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་གི་འདུག་ལ། བོད་ཀྱི་ས་ཁུལ་གང་ས་ནས་དིང་རིང་ཕྱོགས་སུ་རོགས་སྐྱོར་ཆེད་བསྐྱོད་མཁན་མང་དག་ཅིག་ཡོང་གི་ཡོད་པ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མངོན་རྒྱུ་འདུག འོན་ཀྱང་བོད་མི་སྒེར་པ་རོགས་སྐྱོར་བྱེད་མཁན་རྣམས་ས་ཡོམ་བྱུང་སའི་དིང་རི་ཕྱོགས་སུ་གཏོང་གི་མེད་པར་གཞིས་ཀ་རྩེའི་ལམ་བར་ཞིག་ནས་བཀག་འགོག་བྱེད་བཞིན་ཡོད་པ་བོད་ནང་ནས་གནས་ཚུལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་ཐོག་ནས། མི་སྒེར་པ་རོགས་སྐྱོར་བྱེད་མཁན་དང་དྭང་བླང་པ་ཚོས་གཞུང་གི་ཆོག་མཆན་མེད་པར་ས་ཡོམ་བྱུང་ཡུལ་དུ་འགྲོ་སྐྱོད་མི་ཆོག་པ་མ་ཟད། རོགས་སྐྱོར་བྱེད་པའི་དངོས་ཟོག་རྣམས་རྒྱ་ནག་གཞུང་ལ་ཡར་ཞུ་བྱེད་དགོས་པ་ལས་གང་བྱུང་མཁོ་སྤྲོད་མི་ཆོག་པའི་སྐོར་བོད་རང་སྐྱོང་ལྗོངས་ངལ་སེལ་བཀོད་འདོམས་ལས་ཁུངས་ཀྱིས་ཕྱི་ཟླ་ ༡ ཚེས་ ༨ ཉིན་གསལ་བསྒྲགས་སྤེལ་འདུག་པ་མ་ཟད། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་མི་སྒེར་པ་དང་ས་གནས་དེའི་མི་སྣ་ཕྱི་ཕྱོགས་སུ་ཡོད་མཁན་ཁག་ཅིག་གིས། ཆོག་མཆན་མ་ཞུས་པར་དིང་རི་ཕྱོགས་སུ་གཏོང་གི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
བོད་རང་སྐྱོང་ལྗོངས་ངལ་སེལ་བཀོད་འདོམས་ལས་ཁུངས་ཀྱིས་སྤེལ་བའི་གསལ་བསྒྲགས་དེའི་ནང་། དམངས་ཁྲོད་རོགས་སྐྱོབ་རུ་ཁག་དང་། སྤྱི་ཚོགས་ཐོག་རང་དགར་རྩ་འཛུགས་བྱས་པའི་དྭང་བླངས་པ་རྣམས་ཆོག་མཆན་མེད་པར་ས་གནས་སུ་བསྐྱོད་མི་ཆོག་ཅེས་དང་། ས་ཡོམ་གྱི་དོ་ཕོག་བྱུང་ཡུལ་དུ་བསླེབས་ཟིན་པའི་སྤྱི་ཚོགས་རྩ་འཛུགས་དང་དྭང་བླངས་པ་ཚོས་ས་གནས་དེ་གའི་ས་ཡོམ་ངལ་སེལ་བཀོད་འདོམས་ཚན་པའི་གཅིག་གྱུར་བཀོད་སྒྲིག་བྱེད་བཞིན་པར་བརྩི་སྲུང་དགོས་ཞེས་བསྒྲགས་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་གཟིགས་ཚུལ།
ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཟུང་སྦྲེལ་ངེས་སྟོན་པ་མ་ཡ་ཝང་ (Maya Wang) ལགས་ཀྱིས། “འདས་པའི་དུས་སུ་རྒྱ་ནག་གཞུང་གིས་ཀོ་ཝིཌ་ ༡༩ དང་ཟི་ཁྲོན་གྱི་ས་ཡོམ་ལྟ་བུའི་གོད་ཆག་སྐོར་གྱི་མང་ཚོགས་ཀྱི་བསམ་ཚུལ་དང་ལན་འདེབས་ལ་དོ་དམ་ཚོད་འཛིན་བྱས་ཡོད། དེའི་ཁྲོད་དུ་གོད་ཆག་བྱུང་སའི་ས་གནས་སུ་ཕྱི་རྒྱལ་གྱི་གསར་འགོད་པ་འགྲོ་བསྐྱོད་བྱེད་རྒྱུར་བཀག་སྡོམ་བྱེད་པ་དང་། གཞུང་འབྲེལ་གྱི་འདོད་ཚུལ་དྲིལ་བསྒྲགས་ལ་ཁ་གཏད་བྱེད་ཉེན་དུ་ངོས་འཛིན་བྱེད་པའི་ལས་འགུལ་བ་དང་། ཚོགས་སྡེ་ཁག་གི་ཚོགས་མི། མི་སེར་གསར་འགོད་པ། དང་བླངས་པ་བཅས་འཛིན་བཟུང་བྱས་པ་བྱུང་ཡོད་”ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཁོང་གིས་ད་དུང་། "འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་ལ་བཀག་སྡོམ་འདི་འདྲ་མི་བྱེད་པ་དང་། བོད་མི་ཚོར་ངལ་སེལ་རོགས་སྐྱོབ་ལས་གཞི་ཁག་གོ་སྒྲིག་དང་། བརྒྱུད་སྤེལ། དེ་དག་གི་ནང་རང་དབང་གི་སྒོ་ནས་མཉམ་ཞུགས་བྱེད་འཇུག་དགོས་པ་མ་ཟད། གཞུང་གི་ངལ་སེལ་མྱུར་སྐྱོབ་ཀྱི་ལས་དོན་བྱེད་ཕྱོགས་ཐད་འཇིགས་སྣང་མེད་པར་བསམ་ཚུལ་གཤོད་འཇུག་རྒྱུ་དང་གནས་ཚུལ་འགོད་སྤེལ་བྱེད་འཇུག་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།”ཅེས་ཕྱི་ཚེས་ ༨ ཉིན་ལན་འདེབས་གནང་བྱུང་།
ཕྱི་ཟླ་ ༡ ཚེས་ ༨ ཉིན་དིང་རི་རྫོང་དུ་ས་ཡོམ་བྱུང་ནས་ཉིན་གཉིས་པ་ཆགས་ཡོད་ཅིང་། ས་ཡོམ་རྐྱེན་གྱིས་མི་གྲངས་རྐྱེན་འདས་དང་སྡོད་ཁང་གཏོར་བཤིག་ཚབས་ཆེ་ཤོས་བྱུང་ས། ཡུལ་དེའི་གྲང་ཤོ། མཚོ་སྒོ་བཅས་ཡིན་པ་དང་། ང་རང་གི་ནང་མི་བདེ་བོ་ཡིན་ན་ཡང་། སྤུན་མཆེད་དང་ཁྱིམ་མཚེས། རོགས་པ་མང་དག་ཅིག་གི་ནང་མི་འདས་གྲོངས་དང་། སྒོ་ཕྱུགས་སེམས་ཅན་མང་པོར་ཤི་སྐྱོན་བྱུང་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་ངོས་ནས་རོགས་སྐྱོར་མི་སྣ་དང་། སྨན་པ། དམག་མི་སོགས་ཧ་ཅང་མང་པོ་ས་གནས་སུ་འབྱོར་ཡོད་པ། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཡང་བལ་ཡུལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས། ས་ཡོམ་བྱུང་ཡུལ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་གྲམ་མཚོ་ཟེར་དཀར་དགོན་དང་། དགོན་ཏ་ཕུག མཚོ་ལྔ་ཆོས་སྡེ། མཚོ་སྒོ་དགོན་སོགས་ལ་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་བྱུང་ཡོད་པ་མ་ཟད། ལྷ་རྩེ་ཆོས་སྡེ་དགོན་ལ་གཏོར་སྐྱོན་ཐེབས་ཡོད་པ་དང་། ས་ཁུལ་མང་དག་ཅིག་ཏུ་ས་ཡོམ་བྱུང་བ་ནས་བཟུང་ཕྱི་ཚེས་ ༨ ཉིན་གུང་བར་གློག་དང་དྲྭ་རྒྱ་བསྐྱར་གསོ་མི་ཐུབ་པར་ལྷག་ཡོད་པ་བརྗོད་བྱུང་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་འདས་པའི་ཆུ་ཚོད་ ༢༤ རིང་ས་ཡོམ་བྱུང་ཡུལ་དུ་མི་གྲངས་ ༤༠༧ ལྷག་གི་ཚེ་སྲོག་སྐྱོབ་ཐུབ་པ་དང་། རྨས་སྐྱོན་ཤུགས་ཆེན་ཕོག་པའི་མི་གྲངས་ ༢༨ ལ་སྨན་བཅོས་བྱེད་བཞིན་ཡོད་སྐོར་བཀོད་འདུག་པ་ལས། ཕྱི་ཚེས་ ༨ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༧ བར་ས་ཡོམ་ཁྲོད་འདས་གྲོངས་ཕྱིན་པའི་གྲངས་ཚད་འཕར་མིན་སོགས་གང་ཡང་བཀོད་མེད་པ་རེད།
ཕྱི་ཚེས་ ༧ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་ལས་ཁུངས་ཀྱིས་དིང་རིའི་ས་ཡོམ་རོགས་སྐྱོབ་དེ་རིམ་པ་གཉིས་པ་ནས། རིམ་པ་དང་པོར་སྤར་ཡོད་པ་མ་ཟད། བོད་དང་རྒྱ་གར་གྱི་མཐའ་མཚམས་དམག་དཔུང་བཏང་སྟེ་ས་འོག་ཏུ་ཤོར་བའི་མི་སྣ་འཚོལ་སྐྱོབ་བྱས་ཡོད་ན་ཡང་། ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟེར་བའི་སྟེང་། ས་ཡོམ་གོད་ཆག་ཁྲོད་མི་སྣ་རྐྱེན་འདས་འཚོལ་ཞིབ་དང་། གཏོར་བཤིག་གཙང་སེལ་གྱི་ལས་དོན་དེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་འཇགས་བཀོད་སྒྲིག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ལ་བསྒྱུར་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཅིང་། ས་ཡོམ་ཁྲོད་རྐྱེན་ངན་བྱུང་པ་རྣམས་ལ་ཐུགས་སྨོན་མཛད་པ།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༩ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་བཀྲིས་ལྷུན་པོར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་ཐོག ཕྱི་ནང་བོད་མི་སེར་སྐྱ་མང་ཚོགས་ཕོན་ཆེ་འདུ་འཛོམས་ཀྱིས་དིང་རིར་ས་ཡོམ་ཁྲོད་འདས་གྲོངས་སོང་བ་དང་། རྨས་སྐྱོན་ཕོག་པ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་འཚོགས་སོང་བ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་ས་ཡོམ་གྱི་གོད་ཆག་བྱུང་བ་དེར་རྐྱེན་ངན་གྲོགས་ཤར་དང་རྐྱེན་ངན་བྱང་ཆུབ་ལམ་དུ་འགྱུར་ཐབས་བྱ་དགོས་པའི་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་སོང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན།
དེ་རིང་ཕྱི་ཟླ་༡ ཚེས་ ༧ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་གི་དིང་རི་རྫོང་གཙོས་ཉེ་འཁོར་ས་ཁུལ་ཁག་ནང་ས་ཡོམ་གྱི་ཁྲོད་མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེར་བྱུང་བར་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཐུགས་གསོའི་གསུང་འཕྲིན་སྩལ་གནང་མཛད་དེ། ས་ཡོམ་ཁྲོད་རྐྱེན་འདས་དང་རྨས་སྐྱོན་ཕོག་པ། ཁང་པ་མང་པོ་གཏོར་བཤིག་བྱུང་བར་ཐུགས་ཕམ་ཆེན་པོ་བྱུང་ཞེས་དང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་ཅེས་བཀའ་སྩལ་འདུག
ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱིས་ས་ཡོམ་གྱི་འགུལ་ཚད་དེ་ས་ངོས་ནས་ཀི་ལོ་མི་ཊར་ ༡༠ ཙམ་གྱི་གཏིང་དུ་བྱུང་བས། ས་ཡོམ་ཧ་ཅང་གཏིང་ཚད་ཐུང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཐུགས་གསོ་གནང་པ།
བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཚོས་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་གནང་གི་འདུག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ས་ཡོམ་གྱི་གནས་ཚུལ་དེ་རིང་སྔ་དྲོ་ནས་ཤེས་རྟོགས་བྱུང་སོང་བ་དང་། ང་ཚོས་ངོས་ནས་མུ་མཐུད་གནས་སྟངས་ག་འདྲ་བྱུང་མིན་ཐད་དོ་སྣང་བྱས་བསྡད་ཡོད་ལ། ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། ཕྱི་ཟླ་ ༡ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་གནོད་འཚེ་ཕོག་མཁན་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞུ་འཆར་ཡོད་ཅེས་གསུངས་སོང་།
རྒྱ་གར་གཞུང་གིས་བོད་ནང་ས་ཡོམ་གོད་ཆག་ལ་ཐུགས་གསོ་གནང་པ།
རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་ཕྱི་ཚེས་ ༧ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། ཐུགས་གསོ་གནང་ཡོད་ཅིང་། ཐུགས་གསོའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་། “རྒྱ་གར་གཞུང་དང་མི་མང་གིས་བོད་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པར་སེམས་གསོའི་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་”ཅེས་དང་། ས་ཡོམ་གྱི་གོད་ཆག་ནང་དོ་ཕོག་བྱུང་བའི་མི་མང་དང་དེ་དག་གི་ནང་མི་ཚོར་གདུང་སེམས་མཉམ་སྐྱེས་ཞུ་གི་ཡོད་སྐོར་གསུངས་འདུག
ཐེ་ཝན་སྲིད་འཛིན་གྱིས་མྱ་ངན་ཐུགས་གསོ་ཞུས་པ།
ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ (Lai Ching-te) ཡིས་X སྤྱི་ཚོགས་དྲྭ་རྒྱའི་སྟེང་གནས་ཚུལ་སྤེལ་དོན་དུ། “བོད་དང་ཉེ་འཁོར་ས་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་གྱིས་དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ལ་བློ་སེམས་གཏད་བཞིན་ཡོད། དོན་རྐྱེན་དེའི་འོག་ཤི་རྨས་བྱུང་པའི་ནང་མི་ཚོར་མྱ་ངན་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་བ་དང་། དཀའ་སྡུག་མྱོང་བཞིན་པ་ཚོར་ཛ་དྲག་མྱུར་སྐྱོབ་དང་རོགས་རམ་གང་མྱུར་ཐོབ་སྟེ་གང་མགྱོགས་སླར་གསོ་ཡོང་བའི་སྨོན་ལམ་ཞུ་བཞིན་ཡོད་” ཅེས་གསུངས་འདུག
འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་འགོ་ཁྲིད་ཀྱིས་ཐུགས་གསོ་གནང་པ།
རྒྱབ་ལྗོངས།
རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་ཤུགས་ཚད་ ༦.༨ བྱུང་ཡོད་པ་བརྗོད་འདུག་ཅིང་། ས་ཡོམ་གྱི་འགུལ་ཤུགས་དེ་བལ་ཡུལ་དང་རྒྱ་གར། འབྲུག་ཡུལ། བྷང་ལ་དྷེཤི་བཅས་སུའང་ཚོར་སྣང་བྱུང་བ་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག
ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱི་གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་བརྒྱའི་རིང་། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༧ ཉིན་གྱི་ས་ཡོམ་བྱུང་སའི་མཐའ་སྐོར་གྱི་ཀི་ལོ་མི་ཊར་ ༢༥༠ ནང་ཚུན་ལ་ས་ཡོམ་ཤུགས་ཚད་ ༦ དང་དེ་ལས་མཐོ་བའི་ས་ཡོམ་ཐེངས་ ༡༠ བརྒྱབ་ཡོད་པ་བསྒྲགས་འདུག
ས་ཡོམ་དེའི་ལྟེ་གནས་ནི་བོད་དང་བལ་ཡུལ་གྱི་ས་མཚམས་ཏེ་གཞིས་ཀ་རྩེའི་ལྷོ་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་ (KM) ༡༧༧ གྱི་སར་དང་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུའི་བྱང་ཤར་ཕྱོགས་སུ་ཀི་ལོ་མི་ཊར་ (KM) ༢༠༡ གྱི་སར་འཁེལ་གྱི་ཡོད་འདུག
Source: Citizen photo; Chinese state media
ད་རེས་ཀྱི་ཡོམ་འདི་བོད་ཀྱི་ས་ཁུལ་ཁག་མང་པོར་ཚོར་སྣང་ཐུབ་པ་བྱུང་བ་དང་། ས་ཡོམ་གྱི་འགུལ་ཤུགས་ཆེན་པོ་བྱུང་བ་མི་མང་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བརྒྱུད་སྤེལ་བྱེད་བཞིན་འདུག
ས་གནས་རྒྱ་ནག་གཞུང་གི་དབང་འཛིན་པས་བརྗོད་དོན་ལྟར་ན། ཟླ་ ༡ ཚེས་ ༨ ཀྱི་ས་གནས་ཀྱི་ཕྱི་དྲོའི་བར་དིང་རི་དང་ལྷ་རྩེ་རྫོང་གཉིས་ཀྱི་གཞུང་ལམ་དང་། གློག བརྡ་འཕྲིན་བརྒྱུད་ལམ་དྲྭ་བ་བཅས་བསྐྱར་གསོ་བྱས་ཟིན་པ་དང་། གནས་སྤོ་ས་གནས་ ༡༨༧ གསར་འཛུགས་བྱས་ཏེ་མི་གྲངས་ ༤༦,༥༠༠ གནས་སྤོ་བྱས་ཟིན་སྐོར་བསྒྲགས་ཡོད་པ་རེད། སྤྱིར་ཕྱི་ལོ་ ༢༠༢༠ ལོའི་མི་འབོར་གྲངས་ཐོ་ཞིབ་བཤེར་གྱི་ཐོ་གཞུང་ལྟར་ན། དིང་རི་རྫོང་དུ་མི་འབོར་ ༦༠,༠༠༠ (དྲུག་ཁྲི་) ལྷག་ཙམ་གནས་སྡོད་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱས་ཡོད་འདུག
ས་ཡོམ་དེ་བཞིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩།༠༥ དང་བལ་ཡུལ་གྱི་དུས་ཚོད་ལྟར་ན་སྔ་དྲོའི་ཆུ་ཚོད་ ༧།༠༥ ཐོག་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་བྱུང་ཞིང་། ས་ཡོམ་བྱུང་ཡུལ་གྱི་རྒྱང་ཐག་ཀི་ལོ་མི་ཊར་ (KM) ༥ ཡི་ནང་ཚུད་དུ་ཐང་རི་ (Tangren) གྲོང་ཚོ་དང་། གཞལ་བྲོད་ (Xuezhu) གྲོང་ཚོ། དགའ་རེ་སྒོར་སྐྱིད་ (Garegoji) གྲོང་ཚོ། སྨོན་ཏོག་ Meiduo གྲོང་ཚོ། ཡང་རྒྱང་ཐག་ཀི་ལོ་མི་ཊར་ (KM) ༢༠ ནང་ཚུད་དུ་མཚོ་སྒང་ཤང་དང་། ཆུ་ལྷོ་ཤང་ཚུད་ཡོད་པ་དང་། དིང་རི་རྫོང་གྲམ་མཚོ་ཤང་། མཚོ་སྒོ་ཤང་། ཆུ་ལྷོ་ཤང་གསུམ་ལ་ས་ཡོམ་གྱི་གནོད་འཚེ་ཤུགས་ཆེ་ཤོས་བྱུང་འདུག
བོད་ཀྱི་ས་ཁུལ་ཕྱོགས་མང་པོར་བོད་མི་མང་པོས་དིང་རིའི་ས་གནས་སུ་ཛ་དྲག་གི་དཀའ་ངལ་འཕྲད་པའི་བོད་མི་བརྒྱ་ཕྲག་མང་པོར་ངལ་སེལ་རོགས་སྐྱོར་གྱི་ལས་དོན་སྤེལ་བཞིན་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་པའི་བརྙན་ཐུང་ཁག་ཅིག་གི་ནང་གསལ་ལྟར་ན། མི་མང་ཚོས་ངལ་སེལ་གྱི་ཆེད་ལྷམ་དང་། ཉལ་ཆས། ཟས་རིགས། ཆུ་དང་གསང་སྤྱོད་ཀྱི་ཤོག་བུ་སོགས་གཞི་རྩའི་དགོས་མཁོའི་དངོས་ཆས་ཞལ་འདེབས་བསྡུ་རུབ་ཀྱི་ཆེད་རླངས་འཁོར་བསྐོར་སྐྱོད་བྱེད་བཞིན་ཡོད་པ་མངོན་རྒྱུ་འདུག་ལ། འབྲེལ་ཡོད་གནས་ཚུལ་འགྲེལ་བརྗོད་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ས་ཡོམ་གྱིས་ཁང་པ་གཏོར་བཤིག་བཏང་རྗེས་མི་རྣམས་སྡོད་ཁང་གི་ཕྱི་ཕྱོགས་སུ་ཐོན་དགོས་བྱུང་པ་དང་། ས་གནས་སུ་དགུན་དུས་གནམ་གཤིས་གྲང་ངར་ཆེ་ཞིང་། དྲོད་གྲང་ཚད་གཞི་སེལ་ཤིསི་ཌིག་རི་ཀླད་ཀོར་འོག་གི་ ༡༦ (minus-16 degrees Celsius) བར་སླེབས་ཡོད་པས་གྲང་ངར་རྐྱེན་གྱིས་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་བཞིན་ཡོད་པ་བརྗོད་བྱུང་།
ད་རེས་བོད་ནང་ས་ཡོམ་བྱུང་ཡུལ་དེའི་ཉེ་ཁུལ་དུ་འཁེལ་བའི་བལ་ཡུལ་གྱི་རྒྱལ་སའི་བྱང་ཕྱོགས་ས་ཁུལ་དུ་ཕྱི་ལོ་ ༢༠༡༥ ལོར་ས་ཡོམ་ཤུགས་ཚད་ ༧.༨ བརྒྱབ་སྟེ་སྐབས་དེར་མི་གྲངས་ ༩,༠༠༠ ཙམ་རྐྱེན་འདས་སུ་གྱུར་པ་དང་། མི་གྲངས་སྟོང་ཚོ་མང་པོར་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།།
***
གསར་འགོད་པ། བཀྲིས་དབང་ཕྱུག སྒྲོལ་དཀར།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།