བཙོན་ཁང་གི་མནར་གཅོད་འོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

2021.08.18
བཙོན་ཁང་གི་མནར་གཅོད་འོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་འདུག རྡོ་རྗེ་བཀྲ་ཤིས་ལགས་འཛིན་བཟུང་མ་བྱས་གོང་གི་པར།
tibetcul.com

རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག
འབྱོར་ལྡན་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས། སྤྱི་ལོ་༢༠༠༨་ལོར་བཙན་བྱོལ་བོད་མི་ཚོར་དངུལ་དངོས་ཀྱི་ཞལ་འདེབས་རོགས་རམ་བྱས་ལུགས་ཀྱི་བརྙད་འདོགས་ཀྱིས། རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་དང་འབྲེལ། ཕྱི་ལོ་༢༠༡༠་ཟླ་༥་ཚེས་༡༧་ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་རྒྱ་སྒོར་ཁྲི་༡༥༠་ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་གྱི་ཉེས་པ་བཙུགས་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། སུད་སིར་གནས་སྡོད་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་པ་ལྟར་ན། རྡོ་རྗེ་བཀྲ་ཤིས་ལགས་འཛིན་བཟུང་གི་སྐབས་སུ་རྒྱ་ནག་གི་ཉེན་རྟོག་པས་ཉེས་རྡུང་མནར་གཅོད་ཚད་མེད་བཏང་བར་བརྟེན། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་ངོ་སྤྲོད་གནང་བྱུང་།
དེ་སྔ་རྡོ་རྗེ་བཀྲ་ཤིས་ལགས་དང་ལྷན་ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་གིས་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྡོ་རྗེ་བཀྲ་ཤིས་ལགས་ནས་ཁྲིམས་ཁང་གི་ཉེས་འཛུགས་ཁག་གཏན་ནས་ངོས་ལེན་གནང་གི་མེད་པར། ཕྱི་ལོ་༢༠༢༠་ལོར་ཁོང་བཙོན་འཇུག་བྱས་ཏེ་ལོ་༡༠་ཕྱིན་པའི་སྐབས་དེར། ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་སྔ་གཞུག་ཏུ་ཁྲིམས་ཆད་ལ་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་སོན་མེད་པ་མ་ཟད། ཁོང་གི་ཁྲིམས་རྩོད་པ་རྣམ་པ་ཁོང་དང་རྩ་བ་ནས་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པ་རེད་འདུག
ཉིན་ཤས་གོང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(International Campaign for Tibet)་གིས། རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། བཙོན་ཁང་དུ་ཡོད་སྐབས་སྨན་བཅོས་བྱེད་དགོས་པ་མ་ཟད། ཁོང་གི་བཟའ་ཟླ་སོགས་ནང་མི་རྣམས་དང་། ཁྲིམས་རྩོད་པར་ངེས་པར་དུ་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་གནང་ཞོར། རྒྱལ་སྤྱིའི་ཚོགས་པ་དང་གཞུང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་པ་ཚོས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནད་དོན་སྐོར་རྒྱ་ནག་དང་མཉམ་གླེང་སློང་དགོས་སྐོར་འབོད་སྐུལ་ཞུས་འདུག
མགོ་ལོག་འཇིགས་མེད་ལགས་ཀྱིས་གསུངས་ན། རྒྱ་ནག་ནང་སྤྱིར་བཏང་གི་བཙོན་པ་ཚོར་སྐར་མ་འཕར་རྒྱུ་དང་ལོ་ཚད་ཕབ་རྒྱུ་བཅས་ཡོད་ནའང་། བོད་ནང་གི་ཆབ་སྲིད་བཙོན་པ་ཚོར་དེ་འདྲའི་ཐོབ་ཐང་གང་ཡང་མེད་ཁར། ལྟ་རྟོག་སྟངས་འཛིན་ཁོ་ནའི་འོག་ཏུ་གནས་དགོས་པ་འགྲེལ་བརྗོད་གནང་གི་འདུག
རྡོ་རྗེ་བཀྲ་ཤིས་ལགས་ནི་དེ་སྔ་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་པས། ཡོངས་གྲགས་སུ་གཡག་བཀྲ་ཤིས་ཞེས་འབོད་ཀྱི་ཡོད་པ་དང་། གསར་ལམ་ཁག་ཏུ་བཀོད་པ་ལྟར་ན་ཁོང་ལ་དབྱིན་ཇིའི་སྒོར་མོ་ས་ཡ་༤༥༠་ལྷག་གི་རྒྱུ་ནོར་ཡོད་པ་ཚོད་དཔག་གནང་གི་ཡོད་པ་དང་། ཁོང་གིས་སྤྱི་ལོ་༢༠༠༦་ལོར་ཆུ་ཤུར་རྫོང་གི་སློབ་གྲྭ་ཞིག་ལ་རྒྱ་སྒོར་ས་ཡ་༤་དང་འབུམ་༣་ཞལ་འདེབས་སུ་ཕུལ་བ་མཚོན། སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣེ་མང་ཞིག་གནང་བར་བརྟེན། ཁོང་ལ་བོད་རང་སྐྱོང་ལྗོངས་ཟེར་བ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ནས་བྱ་དགའ་གཟེངས་བསྟོད་མང་པོ་ཞིག་ཀྱང་ཐོབ་མྱོང་ཡོད་པ་རེད། སྤྱི་ལོ་༢༠༠༣་ལོར་ཁོང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུའང་ཞུགས་ཡོད་ནའང་། མགོ་ལོག་འཇིགས་མེད་ལགས་ནས་དེ་སྔ་བོད་མི་གནའ་རྫས་ཚོང་པ་དང་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་འགྲུབ་ལགས་བཙོན་འཇུག་བྱས་པ་བཞིན། དཔལ་འབྱོར་ཡར་རྒྱས་ཀྱིས་བོད་མི་རིགས་དང་རིག་གཞུང་ལ་ཕན་ཐོགས་ཡོང་མཁན་ཞིག་ཡིན་ཚེ། མི་དེ་རིགས་རྒྱ་ནག་གཞུང་གིས་རྩ་མེད་གཏོང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྡོ་རྗེ་བཀྲ་ཤིས་ལགས་ནི་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་བླ་བྲང་ས་དཀར་སྡེ་བ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་འཇམ་དབྱངས་དང་ཨ་མའི་མིང་ལ་ཀུན་བཟང་སྐྱིད་ཡིན་འདུག ཁོང་གིས་རྒྱ་གར་དུ་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་སློབ་སྦྱོང་གནང་སྟེ་བོད་ནང་ཕྱིར་ལོག་རྗེས། ལྗོངས་རྒྱུ་ཡུལ་སྐོར་བར་སྣེ་ཤན་དང་དབྱིན་ཇིའི་སྐད་བསྒྱུར་བཅས་གནང་མྱོང་ཡོད་པ་མ་ཟད། རིམ་པས་ཚོང་ལས་སུ་ཞུགས་ཏེ་བོད་ནང་སྙན་གྲགས་ཅན་གྱི་འབྱོར་ལྡན་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎