འབྲེལ་ཡོད་བོད་ཀྱི་གནའ་རྫས་རྙེད་སོན།

སྔར་བོད་ཀྱི་ཆ་ཤས་མངའ་ཁུལ་གློ་ཡུལ་གྱི་ཐག་རིང་རི་ཁུག་ཏུ་གནའ་བོའི་བྲག་ཕུག་རྙིང་པ་མང་པོ་ཞིག་ཡོད་པ་བརྙེད་ཐུབ་པ་བྱུང་འདུག

2011-02-28
Share

༄༅༎རི་བོ་ཇོ་མོ་གླང་མའི་རྩེ་མོར་ཐེངས་བདུན་འཛེགས་སྐྱོད་གནང་མཁན་ཨ་རི་བ་པི་ཊར་ཨེ་ཐེན་སི་ཡིས་༢༠༠༤ནས་བཟུང་བལ་ཡུལ་བྱང་ཕྱོགས་ཁུལ་མིག་གི་སྐྱ་སྒྲིབ་གཤག་བཅོས་ཀྱི་དགེ་རྩའི་ལས་དོན་ནང་མཉམ་ཞུགས་གནང་བའི་རྗེས་། ཉེ་དུས་ཁོང་གིས་སྔར་བོད་ཀྱི་ཆ་ཤས་མངའ་ཁུལ་གློ་ཡུལ་(Mustang)གྱི་ཐག་རིང་རི་ཁུག་ཏུ་གནའ་བོའི་བྲག་ཕུག་རྙིང་པ་མང་པོ་ཞིག་ཡོད་པ་བརྙེད་ཐུབ་པ་བྱུང་སྟེ། བྲག་ཕུག་དེ་ཚོའི་ནང་ནས་སྔར་གྱི་བོན་པོའི་རྩ་ཆེའི་ཕྱག་དཔེའི་གཏེར་མཛོད་ཆེན་པོ་གཉིས་དང༌། ཡང་སྟོན་པ་ཡེ་ཤུ་མ་འཁྲུངས་གོང་གི་ལོ་བརྒྱའི་སྔོན་གྱི་མིའི་རུས་པ་བརྙེད་སོན་བྱུང་གནང་བཞག།

ཨ་རི་བ་པི་ཊར་ཨེ་ཐན་སི་ཡིས་༡༩༩༦ལོར་རི་བོ་ཇོ་མོ་གླང་མའི་རྩེ་མོར་འཛེགས་སྐྱོད་བྱེད་མཁན་མི་གྲངས་༡༥རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་སྐབས་ཁོང་གིས་རི་འཛེགས་པ་དེ་ཚོ་སྐྱོབ་ཐབས་ཀྱི་འབད་བརྩོན་ཆེན་པོ་གནང་ཡོད་སྟབས་། ཁོང་ལ་འཛམ་གླིང་ནང་Mr. Everestཞེས་ཡོང་གྲགས་མིང་ཐོབ་ཡོད་པ་རེད། བལ་ཡུལ་ནང་མིག་གི་སྐྱ་སྒྲིབ་གཤག་བཅོས་སྐབས་རོགས་པ་གནང་བའི་དུས་རིང་

ཁོང་གིས་ས་གནས་ཡུལ་མི་མང་པོ་དང་གྲོགས་པོ་ཆགས་གནང་ཡོད་པ་དང༌། དེ་ཚོའི་གྲས་ནས་མི་འགའ་ཤས་ཀྱིས་ཁོང་རི་མཐོ་སར་སུས་ཀྱང་འགྲོ་མྱོང་མེད་སའི་གནའ་བོའི་བྲག་ཕུག་ཡོད་སར་སྣེ་འཁྲིད་བྱས་པའི་རྗེས་སུ། པི་ཊར་ཨེ་ཐེན་སི་ལ་ཡ་མཚན་ཅན་གྱི་བྲག་ཕུག་དེ་ཚོའི་ཐོག་ཞིབ་འཇུག་གནང་རྒྱུའི་འདོད་པ་ཆེན་པོ་བྱུང་གནང་འདུག།

དེ་ནས་༢༠༠༨ལོར་བལ་ཡུལ་གཞུང་དང་གནའ་དངོས་ཤུལ་རྫས་ཞིབ་འཇུག་ཚན་པས་པི་ཊར་གྱིས་གཙུགས་གནང་བའི་གནམ་སྒོ་ཐེབས་རྩ་དང་མཉམ་དུ་བྲག་ཕུག་དེ་ཚོའི་ཐོག་ཞིབ་འཇུག་གནང་རྒྱུའི་གྲོས་མཐུན་བཞག་གནང་ནས་ལས་དོན་འགོ་འཛུགས་གནང་ཡོད་པ་དང༌། ལོ་གཉིས་རྗེས་སུ་ཞིབ་འཇུག་པ་ཚོས་གློ་ཡུལ་གྱི་རི་མཐོ་པོ་ཡོད་སར་བྲག་ཕུག་མང་པོ་ཞིག་བརྙེད་ཐུབ་ཡོད་པ་དང༌། བྲག་ཕུག་དེ་ཚོ་གོང་འོག་ཏུ་ལྡེབས་རིས་རྙིང་པ་དང༌། བོད་ཡིག་ཐོག་སྔར་བོན་གྱི་ཕྱག་དཔེ་ཁྲི་གཅིག་མིན་ཙམ་ཡོད་པའི་གཏེར་མཛོད་ཆེན་པོ་གཉིས་དང༌། མི་༢༧གྱི་རྐང་རུས་བརྙེད་སོན་བྱུང་ཡོད་པ་རེད། བྲག་ཕུག་ནང་གི་ལྡེབས་རིས་དེ་ཚོ་རྒྱ་གར་གྱི་གྲུབ་ཐོབ་ཁག་གི་ཡིན་པ་དང༌། གྲུབ་ཐོབ་རེ་རེའི་མཚན་དང་ཁོང་རྣམ་པའི་རྣམ་ཐར་ཞིབ་ཕྲ་བཀོད་ཡོད་པ་རེད། དེ་བཞིན་བྲག་ཕུག་དེ་ཚོའི་ནང་ཡོད་པའི་མིའི་རྐང་རུས་ལ་བརྟག་ཞིབ་བྱེད་སྐབས་ དེ་ཚོ་ཕལ་ཆེ་བ་རྒྱ་གར་ནུབ་བྱང་ཁུལ་གྱི་མིའི་རིགས་ཀྱི་འབྱུང་ཁུངས་ཡིན་པ་ཤེས་རྟོགས་བྱུང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།