ཐུན་མོང་གི་གཞི་རྟེན་འཚོལ་བའི་ཚོགས་འདུའི་ཁྲོད་ཨ་རིའི་བོད་དོན་ཁྲིམས་ཡིག་དང་དེའི་ཁ་ཕྱོགས་སྐོར་བགྲོ་གླེང་གནང་ཡོད་པ།
ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁང་དང་ཐེ་ལྦན་གནས་སྡོད་བོད་རིགས་ཚོགས་པ་ཟུང་འབྲེལ་གྱིས་ལོ་ལྟར་གངས་ལྗོངས་གླེང་སྟེགས་ཞེས་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་དོན་བགྲོ་གླེང་བསྐོངས་ཚོགས་གནང་གི་ཡོད་པ་བཞིན། འདི་ལོའི་རྒྱལ་སྤྱིའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་ཚོགས་འདུ་དེ་བཞིན་ཟླ་ ༡༡ ཚེས་ ༢༣ ནས་ ༢༤ བར་བཅས་ཉིན་གཉིས་རིང་ཐེ་པེ་དུ་རྟེན་གཞི་བྱས་པའི་ National Chengchi University དུ་འཚོགས་ཡོད་ཅིང་། འདི་ལོའི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི། ༢༠༢༤ ལོར་ཨ་རིའི་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་སྐོར་དང་དེའི་རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན། དེ་བཞིན་རྒྱལ་སྤྱིའི་ཁྲོད་བོད་དོན་གྱི་སྲིད་བྱུས་དང་ཁ་ཕྱོགས་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་གནང་ཡོད་སྐོར། ཐེ་ལྦན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེ་ལྦན་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་མུ་མཐུད་གསུངས་ན། ཐེངས་འདིའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་བོད་དོན་ཚོགས་འདུ་ཐོག་གི་གཏམ་བཤད་པ་ ༢༥ ཁྲོད་ཕལ་ཆེ་བ་ནི་ལོ་ལྟར་བཞིན། རྒྱ་རིགས་དང་སོག་པོ། བོད་པ་དང་ཡུ་གུར་སོགས་རྒྱ་ནག་གི་སྲིད་བྱུས་འོག་འཚར་ལོངས་བྱུང་ཞིང་ཕྱིས་སུ་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་དུ་ཕྱིན་ཏེ་མུ་མཐུད་མང་གཙོའི་ཐོག་ལས་འགུལ་སྤེལ་མཁན་ཤ་སྟག་ཡིན་པས། སྐབས་དེརབོད་མིའི་སྒྲིག་འཛུགས་དང་བོད་པའི་གཞུང་ཁོངས་མིན་པའི་ཚོགས་པའི་སྐུ་ཚབ་རྣམས་ནས་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། དེ་བཞིན་བོད་དང་འབྲེལ་བའི་ཕྱི་ལོ་ ༡༩༥༩ ནས་ད་བར་ཀྱི་གྲོས་ཆོད་དང་ཁྲིམས་ཡིག་གཏན་འབེབས་བྱུང་ཡོད་པ་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཚོགས་འདུའི་ཐོག་གི་གཏམ་བཤད་པ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གྱི་དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་ཀྱིས། ཁོང་ནས་ཚོགས་འདུའི་ཐོག་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་དབུ་མའི་ལམ་ནི་རྒྱལ་སྤྱིའི་ཁྲོད་བོད་དོན་ཐད་ཐུགས་ཕན་གསོ་རྒྱུའི་ལམ་བུ་གལ་ཆེན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྩ་བའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༠༩ ནས་ཚོགས་འགོ་བཙུགས་ཡོད་པ་དང་། ཚོགས་འདུ་དེ་བཞིན་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་ཡིན་དགོས་དོན་ནི། བོད་དང་ཡུ་གུར་སོག་པོ་སོགས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་ནི། སྤྱི་ཚོགས་ཀྱི་གནས་སྟངས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་སོགས་སྤྱི་ཡོངས་ནས་མི་འདྲ་བ་ཡིན་ཡང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་དེ་དག་ལ་ཐུན་མོང་གིས་སྐད་ཡིག་དང་རིག་གཞུང། དེ་བཞིན་མི་རིགས་ཀྱི་ངོ་བོ་སོགས་རྩ་མེད་གཏོང་བཞིན་པ་དེར་ནུས་པ་མཉམ་སྤུངས་ཐོག་ནས་གདོང་ལེན་གྱིས་གཞི་རྟེན་འཚོལ་ཆེད་དུ་ཡིན་པ་རེད་འདུག་ལ། ཐེངས་འདིའི་ཐུན་མོང་གཞི་རྟེན་འཚོལ་བའི་ཚོགས་འདུའི་ནང་གཏམ་བཤད་པ་དང་ཚོགས་བཅར་བ་ཁྱོན་བརྒྱ་ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།