ལི་ཐང་དགོན་ཆེན་ལ་མེ་སྐྱོན་ཕོག་འདུག


2013.11.17
ཚེས་༡༦ཉིན་བོད་ཁམས་ལི་ཐང་དགོན་ཆེན་ལ་མེ་སྐྱོན་ཚབས་ཆེན་བྱུང་བ་དང་ནང་བརྟེན་རྙིང་པ་ཁག་སྐྱོབ་ཐབས་བྱས་སྐབས་དགེ་འདུན་པ་ཁ་ཤས་ལ་རྨས་སྐྱོན་པའི་གནས་ཚུལ།
བོད་ནས་བཏང་འབྱོར།

༄༅༎ཕྱི་ཟླ་༡༡ཚེས་༡༦རེས་གཟའ་སྤེན་པའི་ཉིན་བོད་ཁམས་ལི་ཐང་དགོན་ཆེན་གྱི་འདུ་ཁང་ལ་ཚེས་༡༦མཚན་མོར་མེ་སྐྱོན་བྱུང་ནས་ནང་བརྟེན་ཁག་སྲུང་སྐྱོབ་ཆེད་དགེ་འདུན་ཁག་ཅིག་ལ་རྨས་སྐྱོན་བྱུང་ཡོད་འདུག     
འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ཚེས་༡༦ཉིན་གྱི་དགོང་མོ་ཆུ་ཚོད་༡༠ཙམ་ལ་དགོན་པའི་འདུ་ཁང་གསར་པ་ཞིག་གི་ནང་གློ་བུར་གློག་སྐུད་ལ་སྐྱོན་ཤོར་བའི་རྐྱེན་བྱས་ནས་འདུ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད། སྐབས་དེར་དགོན་པའི་མཚན་ཉིད་གྲ་ཚང་གི་དགེ་འདུན་ཉིས་བརྒྱ་ཡས་མས་ཤིག་དང་། ས་གནས་མི་མང་ཚོས་ཉེན་ཁར་མི་འཛེམས་པར་འདུ་ཁང་སྟེང་བཞུགས་བཞིན་པའི་མཁན་རིན་པོ་ཆེ་དང་། རྟེན་རྙིང་མང་པོ་མེ་ལྕེ་ཁྲོད་ནས་ལེན་ཐུབ་ཡོད་པ་མ་ཟད། མཚན་ཡོལ་གྱི་ཞོགས་པའི་ཆུ་ཚོད་བཞི་བ་ཙམ་ལ་མེ་མགོ་གནོན་ཐུབ་ཙམ་བྱུང་ཡོད་འདུག མེ་སྐྱོན་བྱུང་བའི་སྐབས་མེ་ཤུགས་ཧ་ཅང་ཆེན་པོ་བྱུང་ནས་དགེ་འདུན་པ་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་ཀྱང་སྲོག་སྐྱོན་བྱུང་མེད་པ་དང་།  མེ་སྐྱོན་བྱུང་རྗེས་རྒྱ་ནག་གི་མེ་གསོད་རུ་ཁག་བསླེབས་ནས་མེ་བསོད་ཐབས་བྱས་པ་དང་།དེའི་བརྒྱུད་དུ་ཉེན་ཁ་ཡོད་ལུགས་ཀྱིས་མེ་སྐྱོན་བྱུང་སའི་ཁུལ་དུ་ཕྱི་ཚེས་༡༧ཉིན་བཀག་སྡོམ་བྱས་ནས་མི་སུ་ཡང་གཏོང་གི་མེད་པའི་སྐོར་ས་གནས་ནས་བོད་མི་ཁག་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་འདུག།

གསར་འགོད་པ་འཆི་མེད།

ཞུ་དོན། ཁ་སང་གསར་འགྱུར་ནང་འདུ་ཁང་ནང་གི་མཚན་ཉིད་གྲྭ་ཚང་གི་དགེ་འདུན་པ་༢༠༠ལྷག་ས་གནས་མི་མང་ཚོས་ཉེན་ཁར་མི་འཛེམས་པར་དགོན་པའི་ཕྱིར་ཐོན་ཐུབ་ཡོད་ཟེར་བ་ནོར་བཅོས་བྱས་ཡོད་པ་དེའི་དོན་དགོངས་སེལ་ཞུ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎