ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་ཡོ་རོབ་ཀྱི་སྐུ་ཚབ་མིན་ཞེས་གྲོས་ཚོགས་འཐུས་ཁག་ཅིག་གིས་སྐྱོན་བརྗོད་བྱས་འདུག

2023.04.11
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་ཡོ་རོབ་ཀྱི་སྐུ་ཚབ་མིན་ཞེས་གྲོས་ཚོགས་འཐུས་ཁག་ཅིག་གིས་སྐྱོན་བརྗོད་བྱས་འདུག མཱ་ཁི་རོམ་གྱིས་(Netherlands)་ནང་མ་འོངས་ཡོ་རོབ་ཀྱི་མདུན་ལམ་ཞེས་བའི་བརྗོད་གཞིའི་ཐད་གཏམ་བཤད་གནང་སྐབས་ངོ་རྒོལ་བྱས་འདུག ༠༤།༡༡།༢༠༢༣
AP

དེ་ཡང་དཔལ་འབྱོར་དུས་བབ་སོགས་གསར་ལམ་ཁག་གི་གནས་ཚུལལྟར་ན། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་(Emmanuel Macron)་གྱིས་ཉེ་ལམ་རྒྱ་ནག་ནང་འཚམས་གཟིགས་གནང་སྐབས་རྒྱ་ནག་གཞུང་གིས་ཚད་མཐོན་པོའི་བསུ་བ་བྱས་པ་ཟད། ཞི་ཅིན་ཕིན་དང་མཉམ་དུ་ཆུ་ཚོད་དྲུག་གི་རིང་བཀའ་མོལ་གནང་བ་རེད། དེ་དང་མཉམ་དུ་རྒྱ་ནག་གཞུང་གིས་ཧྥ་རན་སི་ནས་མགྲོན་སྐྱེལ་གནམ་གྲུ་༡༦༠ཉོ་གཏན་འཁེལ་ཡོད་འདུག མཱ་ཁི་རོན་གྱིས་རྒྱ་ནག་ནང་གི་འཚམས་གཟིགས་འགྲུབ་རྗེས། གསར་འགོད་པར་ཐེ་ཝན་གྱི་ཉེན་ཁ་ཇེ་ཆེར་སོང་ན་ཡོ་རོབ་ཀྱི་ཁེ་ཕན་དང་མི་མཐུན་པ་དང་། ཐེ་ཝན་གྱི་གནད་དོན་དང་འབྲེལ་བའི་ཨ་རི་དང་རྒྱ་ནག་གི་འགལ་ཟླའི་ཁྲོད་ཡུ་རོབ་ཞུགས་མི་རུང་། ང་ཚོས་ཨ་རི་དང་རྒྱ་ནག་ལས་ཐ་དད་ཡིན་པའི་དབང་ཤུགས་ཆེན་པོ་གསུམ་པ་ཞིག་འཛུགས། ཡོ་རོབ་ཀྱིས་ངེས་པར་དུ་འཐབ་ཇུས་རང་བདག་བྱེད་རྒྱུ་ལས་ཨ་རིའི་ཟུར་གཏོགས་རྒྱལ་ཁབ་བྱེད་མི་རུང་ཞེས་བཤད་རྗེས། དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་རེད།
དེ་བཞིན་རྒྱ་ནག་ཐད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་མཐུན་ཚོགས་ཀྱི་འཐུས་མི་༣༠ལྷག་གིས་ཚེས ༡༡ ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས་ཐེ་ཝན་དང་འབྲེལ་བའི་སྐད་ཆ་བཤད་པ་དེས་ཡོ་རོབ་ཀྱི་དགོངས་ཚུལ་མི་མཚོན་པ་དང་། རྒྱ་ནག་པེ་ཅིང་གཞུང་གིས་ཐེ་ཝན་ལ་བཙན་དབང་ག་ཚོད་བྱས་ན་དེ་ཚོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒོལ་ལན་སློག་ངེས་ཡིན། ཐེ་ཝན་མི་དམངས་ཀྱི་བསམ་ཕྱོགས་ལ་བརྩི་བཀུར་བྱེད་དགོས་ཞེས་བཤད་ནས། རྒྱ་ནག་ཐད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་མཐུན་ཚོགས་ཀྱི་འཐུས་མི་རྣམ་པ་མཱ་ཁི་རོན་གྱི་སྨྲ་བརྗོད་ལ་ཡིད་ཐང་ཆད་པའི་རྣམ་པ་དང་བཅས། གསལ་བསྒྲགས་ཀྱི་མཇུག་ཏུ་སྐུ་ཞབས་སྲིད་འཛིན་ལགས། ཁྱེད་ཡོ་རོབ་ཀྱི་འཐུས་ཚབ་བྱེད་མི་ཐུབ། ཞེས་བཤད་ཡོད་པ་རེད།
དེ་བཞིན་འདི་ཚེས་༡༡ཉིན་མཱ་ཁི་རོམ་གྱིས་(Netherlands)་ནང་མ་འོངས་ཡོ་རོབ་ཀྱི་མདུན་ལམ་ཞེས་བའི་བརྗོད་གཞི་ཐད་གཏམ་བཤད་གནང་སྐབས་ཡང་ངོ་རྒོལ་བྱེད་མཁན་བྱུང་འདུག
གོང་ཞུས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་༣༠འི་ནང་ཡོ་རོབ་ཀྱི་རྒྱལ་ཁབ་༡༥ཡོད་པ་དང་། དེའི་ནང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་གཙོས་སི་ཝེ་ཌན་དང་། ལི་ཐོ་ནི་ཡ། ཡོ་རོབ་གྲོས་ཚོགས། ཡུཀ་རེན་གྲོས་ཚོགས་འཐུས་མི་སོགས་ཐེ་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎