དགེ་འདུན་དར་རྒྱས་ལགས་ཀྱིས་རེ་བ་དང་དགོས་འདུན་དོན་ཚན་ལྔའི་ཆེད་བོད་དོན་ལས་འགུལ།
2020.10.13
དགེ་འདུན་དར་རྒྱས་ལགས་ཀྱིས་ཨ་རིའི་མེ་ནི་སོ་ཏྲ་མངའ་སྡེའི་ནང་རེ་བ་དང་དགོས་འདུན་དོན་ཚན་ལྔའི་ཆེད་བོད་དོན་ལས་འགུལ་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག
ཨ་མི་རི་ཀའི་མེ་ནི་སོ་ཏྲ་(Minnesota)མངའ་སྡེའི་ནང་བཞུགས་མཁན་དགེ་འདུན་དར་རྒྱས་ལགས་ཀྱིས་ཕྱི་ཟླ་༡༠པའི་ཚེས་༡༢དང་༡༣ཉིན་གཉིས་རིང་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་(Minneapolis)ནང་གི་མི་ཚོགས་འཛོམས་ཡུལ་(Walker Art Center)་ཞེས་སྐད་གྲགས་ཡོད་པའི་འགྲེམས་སྟོན་ཁང་དེའི་མདུན། རྒྱ་ནག་གཞུང་གིས་བོད་ནང་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པ་འཕྲལ་་དུ་མཚམས་འཇོག་དགོས་པ་སོགས། རྒྱ་ནག་གི་ནག་ཉེས་ཆེན་པོ་ལྔ་ཐེར་འདོན་གྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཁེར་རྐྱང་ལས་འགུལ་སྤེལ་འདུག་ལ། ཁོང་གི་ལས་འགུལ་དེ་གྲོང་ཁྱེར་གྱི་མི་ཚོགས་ཆེ་བའི་ས་ཁུལ་ཁག་ཅིག་ནང་མུ་མཐུད་དུ་ཕྱི་ཚེས་༢༡དང་༢༢་ལའང་སྤེལ་ཀྱི་ཡོད་པ་(Minnesota)ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་དགེ་འདུན་དར་རྒྱས་ལགས་ཀྱིས་ཁོང་གི་ལས་འགུལ་གྱི་དམིགས་ཡུལ་དགོས་འདུན་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན། ལས་འགུལ་གྱི་དགོས་འདུན་ཁག་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་གཙོ་བའི་བོད་རིགས་སྤུན་ཟླ་ཚང་མ་ཕ་ཡུལ་དུ་ལོག་ཐུབ་པ་དང་། རྒྱ་ནག་གི་སྟངས་འཛིན་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་གསལ་སྟོན། བཙན་བྱོལ་བོད་མི་ཚོ་རྒྱ་ནག་གི་སོ་ཉུལ་དང་མགོ་སྐོར་འོག་མི་ཚུད་པ་བྱེད་རྒྱུ། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་(covid-19)ཏོག་དབྱིབས་ནད་ཡམས་ཀྱིས་ད་ཆ་འཛམ་གླིང་སྤྱི་ཡོངས་སུ་དཀའ་ངལ་བཟོས་དང་བཟོ་བཞིན་པའི་འགན་རྒྱ་ནག་གཞུང་གིས་འཁུར་དགོས་པ། དེ་བཞིན་རྒྱ་ནག་གི་ཅ་དངོས་ཉོ་ཚོང་བེད་སྤྱོད་མཚམས་འཇོག་དགོས་བཅས་དགོས་འདུན་དང་རེ་བ་དོན་ཚན་ལྔའི་ཆེད་དུ་ཡིན་པ་ངོ་སྤྲོད་གནང་བྱུང་།
ད་དུང་དགེ་འདུན་དར་རྒྱས་ལགས་ཀྱི་བོད་དོན་ཆེད་རང་དོན་རང་གཅེས་ཀྱི་སྤེལ་བའི་ལས་འགུལ་དེ་ནི་ཉེ་བའི་ཆར། དབྱིན་ཡུལ་དང་། ཧྥ་རན་སི། སུད་སི། ཁེ་ཎ་ཊ། རྒྱ་གར། ཐེ་ཝན་ཨ་མི་རི་ཀ་བཅས་རྒྱལ་ཁབ་མང་པོའི་ནང་བོད་མི་སྒེར་མང་པོ་ཞིག་གིས་རང་འགུལ་གྱིས་ཞི་བའི་གོམ་བགྲོད་དང་། རྐང་འཁོར་བསྐོར་བསྐྱོད། རྒྱང་རྒྱུག་སོགས་བོད་དོན་ཆེད་ལས་འགུལ་འདྲ་མིན་སྤེལ་བར་བརྟེན་དགེ་འདུན་དར་རྒྱས་ལགས་ཀྱིས་ཀྱང་རང་འགུལ་ཆོད་སེམས་དང་བཅས་ལས་འགུལ་དེ་སྤེལ་བ་ཡིན་འདུག