༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
ཟླ་ ༡༡ པའི་ཚེས་ ༢༥ ཉིན་གྱི་སྔ་དྲོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨུ་རུ་སུ་དང་སོག་པོ། དེ་བཞིན་བལ་ཡུལ་ནེ་བ་རི་བཅས་ཀྱི་དད་ལྡན་མང་ཚོགས་ ༢༠༠ ལྷག་ཙམ་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་ལས། ཨུ་རུ་སུ་བྷུ་རི་ཡཌ་ནས་ཡིན་པའི་མཇལ་བཅར་བ་ ༣༠ མ་ཟིན་ཙམ་གྱི་འགོ་ཁྲིད་ཡེ་ཤེས་སྡེ་ལགས་ཀྱིས། ཐེངས་འདིར་ཁོང་ཚོ་རྒྱ་གར་ལ་ཡོང་དགོས་དོན་གཙོ་བོ་ནི་༸གོང་ས་མཆོག་དགུང་ལོ་བགྲེས་པོར་ཕེབས་པར་བརྟེན་བཀའ་ཆོས་སོགས་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། ཁོང་ལ་མཇལ་ཁ་དང་བྱིན་རླབས་ཞུ་རྒྱུ་ཆེད་སླེབས་པ་ཡིན་ཞིང་། ༸མགོན་པོ་མཆོག་དང་ཁོང་ཚོའི་ཕ་མེས་ཡང་མེས་དབར་ལོ་རྒྱུས་ཐོག་འབྲེལ་བ་དམ་ཟབ་ཡོད་པས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་རྟག་ཏུ་སྨོན་ལམ་འདེབས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། གཞན་ཡང་དེ་སྔ་ཨུ་རུ་སུའི་ནང་ཉེན་རྟོག་པ་གནང་མྱོང་མཁན་དང་ཁོང་གི་བུ་གཉིས་ནས་༸གོང་ས་མཆོག་གི་མཇལ་བཅར་ཞུས་ཡོད་པ་དང་ཁོང་གཉིས་ནས། ཐེངས་འདིར་ཁོང་གཉིས་པོར་༸གོང་ས་མཆོག་གི་མཇལ་ཁ་ཐེངས་དང་པོ་ཐོབ་ཡོད་པ་ནི་མི་ཚེའི་ནང་བརྗེད་ཐབས་བྲལ་བའི་ཚོར་སྣང་སྐྱིད་པོ་ཞིག་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སོག་པོ་ནས་མི་གྲངས་ ༣༨ ཡོད་པའི་ཁོངས་སྒོ་མང་གྲྭ་ཚང་ནང་སློབ་གཉེར་གནང་བཞིན་པའི་དགེ་བཤེས་ལྷ་རམས་པ་སྐལ་བཟང་ཆོས་དར་ལགས་ཀྱིས། ཐེངས་འདིར་ཁོང་དང་ཁོང་གི་ཕྱག་རོགས་རྣམས་ལ་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་བསྐལ་བ་བཟང་པོ་བྱུང་ཞིང་སྐབས་དེར་༸གོང་ས་མཆོག་གིས་བོད་ཡིག་སློབ་སྦྱོང་ཐད་ཤུགས་བསྐྱོན་དགོས་པའི་བཀའ་སློབ་ཕེབས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། བལ་ཡུལ་ནས་ཡིན་པའི་མཇལ་བཅར་བ་ ༣༨ ཁོངས་རྣམ་གྲོལ་གླིང་གི་བཙུན་མ་ཐུབ་བསྟན་དཔལ་མོ་ལགས་ཀྱིས། ཐེངས་འདིར་ཁོང་ལ་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་ཐེངས་དང་པོ་ཡིན་པ་དང་། ༸གོང་ས་མཆོག་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་པས་བལ་ཡུལ་གནས་བཞུགས་དད་ལྡན་པ་རྣམས་ནས་༸མགོན་པོ་མཆོག་གི་མཇལ་ཁ་ཞུས་ན་ཚོགས་བསགས་སྒྲིབ་བྱང་གི་ཕན་ནུས་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཟའ་འཁོར་རེའི་ནང་ཉིན་གསུམ་རེ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ལ་མཇལ་ཁ་སྩལ་གནང་གི་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།