ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འགྲོ་བ་མིའི་འོས་འགན།

2020-01-11
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་རིགས་སློབ་མ་གཙོ་བོར་གྱུར་པའི་བོད་རིགས་སློབ་མ་བསྡོམས་པའི་༢༠༠་སྐོར་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། འགྲོ་བ་མིའི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།
རྒྱ་རིགས་སློབ་མ་གཙོ་བོར་གྱུར་པའི་བོད་རིགས་སློབ་མ་བསྡོམས་པའི་༢༠༠་སྐོར་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། འགྲོ་བ་མིའི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།
དགའ་ལྡན་ཕོ་བྲང༌།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་དེ་ ཕྱི་ཟླ་༡ ཚེས་༡༠ ཉིན་གྱི་ཨ་རིའི་ནིའུ་ཡོག་གི་དགོང་དྲོར་ཆུ་ཚོད་དགུ་པ་ཙམ་ལ་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་རྒྱ་རིགས་གཙོ་བོར་གྱུར་པའི་བོད་རིགས་སློབ་མ་གྲངས་༢༠༠་སྐོར་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། འགྲོ་བ་མིའི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག འཛམ་གླིང་འདིར་རྒྱུན་དུ་དཀའ་ངལ་མང་པོ་ཞིག་འཕྲད་བསྡད་པའི་རྒྱུ་རྐྱེན་གཙོ་བོ་ནི། གཞི་རྩའི་ཤེས་ཡོན་སློབ་གསོའི་ཐད་ལ་ནང་སེམས་ཀྱི་བྱམས་བརྩེ་གོང་མཐོར་གཏོང་དགོས་པ་དང་། ང་ཚོ་འགྲོ་བ་མི་ཞིག་ཡིན་དུས་ཚང་མའི་རྒྱུད་ལ་ཁོང་ཁྲོའི་གཞི་རྩ་ཡོད་ཀྱང་། དེ་སྦྱོང་བརྡར་བྱས་ནས་བྱམས་སེམས་ལྡན་པའི་མི་ལེགས་པོ་ཞིག་ཡོང་དགོས་པར་འབད་བརྩོན་ཞུ་དགོས་པ་དང་། དེ་ནི་ཆོས་ཁས་ལེན་བྱེད་ཀྱང་མ་བྱས་ཀྱང་སྤྱི་ཚོགས་ནང་མི་ལེགས་པོ་ཞིག་ཡོང་བར་འབད་བརྩོན་བྱ་དགོས་པའི་སྐོར་ལ་གསུངས་པ་དང་། ཡང་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་དེ་ནི་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་འབྲེལ་བ་ཞིག་ཏུ་ཆགས་ཡོད། དེ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་དུ་རྒྱ་བཟའ་བོད་ཀྱི་རྒྱལ་པོའི་བཙུན་མོར་བཞེས་ནས་འབྲེལ་བ་ཡོད་པ་དང་། དེ་བཞིན་དུ་རྒྱ་ནག་ལྟ་བུ་ཡིན་ན་ལོ་རྒྱུས་ཀྱི་ཐོག་ནས་ནང་པ་ཡིན་པ་དང་། ནང་པའི་ཆོས་བརྒྱུད་དེ་ནི་བོད་དང་གཅིག་མཚུངས་དཔལ་ན་ལེན་ཌའི་ཆོས་བརྒྱུད་གཅིག་པ་ཡིན་པ་དང་། ནང་པ་མང་པོ་རེད་དེ། རྒྱ་རིགས་ཚོས་ནང་པའི་ཆོས་ཀྱི་ཐོག་སློབ་གཉེར་བྱེད་རྒྱུ་དེ་ཙམ་དོ་སྣང་བྱེད་མཁན་དཀོན་པོ་རེད། བོད་པས་ངོས་ནས་ནང་པའི་ཆོས་ཀྱི་སྒོ་ནས་རྒྱ་ནག་མི་མང་ལ་ཞབས་འདེགས་ལེགས་པོ་ཞིག་བསྒྲུབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་གནང་འདུག ཡང་ང་ཚོས་བོད་རང་བཙན་རྩོད་ཀྱི་མེད་པ་དང་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་རྒྱ་ནག་གི་ཁྲིམས་གཞིའི་འོག་བོད་ཁུལ་ཡོངས་རྫོགས་ལ་གཅིག་གྱུར་གྱི་རང་སྐྱོང་ཞིག་རག་པར་འབད་བརྩོན་ཞུ་མུས་ཡིན་པའི་སྐོར་གསུངས་འདུག ད་ལྟའི་ཆར་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། མགོན་པོ་གང་ཉིད་ནས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་འབྲེལ་བ་བྱུང་བསྡད་པ་ལྟར། རྒྱ་ནག་གི་རི་བོ་རྩེ་ལྔ་སོགས་ལ་ཕེབས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་གནང་ཡོད་པ་རེད། རྒྱ་མི་རིགས་ཚོས་ཀྱང་ནང་ཆོས་དོ་སྣང་ཆེན་པོའི་སྒོ་ནས་སློབ་གཉེར་བྱེད་དགོས་པའི་སྐོར་ལ་ནན་ཏན་གྱི་གསུངས་འདུག བོད་རིགས་སློབ་མ་ཚོས་ཀྱང་བོད་ཀྱི་བཀའ་བསྟན་གྱི་གཞུང་དེ་དག་ལ་སློབ་གཉེར་བྱེད་དགོས་པའི་སྐོར་སོགས་བཀའ་སློབ་ཟབ་མོ་གནང་འདུག མཇུག་ཏུ་རྒྱ་རིགས་སློབ་མ་ཚོས་བཀའ་འདྲི་གནང་བ་ཁག་ཅིག་ལ་བཀའ་ལན་ལྷུགས་པོར་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།