༧གོང་ས་མཆོག་ནས་དེང་ཀྱི་དུས་ཚོད་འདིར་བཟང་སྤྱོད་ཀྱི་དགོས་མཁོ་ཆེན་པོ་ཡོད་པའི་སྐོར་བཀའ་སློབ་བསྩལ་བ།
2017.12.26
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ Tumkur གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། དེང་ཀྱི་དུས་ཚོད་འདིར་བཟང་སྤྱོད་ཀྱི་དགོས་མཁོ་ཆེན་པོ་ཡོད་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་བཀའ་སློབ་གསུང་བཤད་ཀྱི་ལས་རིམ་འདི་བཞིན་ Tumkur གཙུག་ལག་སློབ་གྲྭ་ཆེན་མོ་དང༌། བྱེས་ཀྱི་གདན་ས་ཆེན་པོ་སེ་ར་བྱེས་གཉིས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང༌། གསུང་བཤད་ཉན་པར་ཡོང་མཁན་དགེ་ལས་སློབ་ཕྲུག་ཉིས་སྟོང་ལྔ་བརྒྱ་ཙམ་འདུ་འཛོམས་བྱུང་བ་རྣམས་ལ། ༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་གིས་འཛམ་གླིང་འདིའི་སྟེང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་རྣམས་ཀྱི་ད་བར་ལྟ་བ་མི་འདྲ་བའི་ཁྱད་པར་ཡོད་ཀྱང༌། ཆོས་ལུགས་ཚང་མའི་ནང་བྱམས་པ་དང་བརྩེ་བའི་སྐོར་གསུང་གི་ཡོད། རྒྱ་གར་ལ་ཆ་བཞག་པ་ཡིན་ན། རྒྱལ་ཁབ་འདིའི་ནང་ཆོས་ལུགས་མི་འདྲ་བ་ཚང་མ་མཉམ་གནས་བྱེད་ཐུབ་ཀྱི་ཡོད་པ་ནི་ཧ་ཅང་གི་རིན་ཐང་ཆེན་པོ་ཡིན། ཚན་རིག་པ་དང་ཤེས་ཡོན་གྱི་སློབ་གསོའི་ལས་དོན་སྤེལ་མཁན་ཚང་མས། མི་ཚེའི་ནང་དེང་དུས་ཀྱི་ཤེས་ཡོན་གཅིག་པུས་འདང་གི་མེད་པའི་དགོངས་ཚུལ་གཅིག་མཚུངས་གསུང་གི་ཡོད། དེ་འདྲ་ཡིན་ཙང་མི་ཚེ་སྐྱིད་པོ་ཞིག་དང་སྤྱི་ཚོགས་ནང་ཞི་བདེ་དང་འཆམ་མཐུན་དགོས་ཀྱི་ཡོད་ན། ལུས་ཀྱི་འཕྲོད་བསྟེན་ལ་བདག་གཅེས་བྱས་པ་ནང་བཞིན་ནང་སེམས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུར་ཡང་འབད་བརྩོན་བྱེད་དགོས་པ་ཡིན། ནང་སེམས་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་ཆེད་སློབ་གྲྭ་ཁག་གི་སློབ་ཚན་ནང་དེང་དུས་ཀྱི་ཤེས་ཡོན་མཉམ་དུ་གནའ་བོའི་རྒྱ་གར་གྱི་རིག་གནས་དང་དམིགས་བསལ་སེམས་ལ་འགྱུར་བཅོས་གཏོང་རྒྱུའི་ཐབས་ལམ་བསྟན་པའི་རིག་གནས་ཁག་འཇོག་དགོས་པ་གལ་ཆེན་པོ་ཡིན་པ་སོགས་ཀྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་གནས་ཚུལ་བཀོད་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།