༸གོང་ས་མཆོག་འབྲས་ལྗོངས་ཁུལ་དུ་ཆོས་འབྲེལ་ཆིབས་བསྒྱུར།

༧གོང་ས་མཆོག་ལ་འབྲས་ལྗོངས་མངའ་ཁུལ་གཞུང་གིས་གདན་ཞུ་ཕུལ་བ་བཞིན་བྱང་ཤར་ས་ཁུལ་ཁག་ཅིག་ནང་མཛད་འཕྲིན་བསྐྱང་འཆར།

2010-11-29
Share

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་ལྗོངས་མངའ་ཁུལ་གཞུང་གིས་གདན་ཞུ་ཕུལ་བ་བཞིན་རྒྱ་གར་བྱང་ཤར་གྱི་ས་ཁུལ་ཁག་ཅིག་ནང་མཛད་འཕྲིན་བསྐྱང་འཆར་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༢ནས་༢༤ཙམ་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀ་ལིམ་སྦུག་དང་རྡོ་རྗེ་གླིང་ སྒང་ཏོག ར་ལྦང་ལ་ སི་ལུ་ག་རི་ ར་བོང་བཅས་རྒྱ་གར་བྱང་ཤར་གྱི་ས་ཁུལ་ཁག་ཅིག་ལ་ཆིབས་སྒྱུར་གྱིས་ཆོས་འབྲེལ་མཛད་འཕྲིན་རྒྱ་ཆེ་བསྐྱང་འཆར་ཡོད་པ་དང་  མཛད་འཆར་གྱི་ཐོག་མར་ཀ་ལིམ་སྦུག་ཏུ་རྟེན་གཞི་བྱས་པའི་དགའ་ལྡན་ཐར་པ་ཆོས་གླིང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཕྱི་ཚེས་༡༢ཉིན་ཞབས་སོར་འཁོད་མཚམས་ཕྱི་ལོ་ཉིས་སྟོང་ལྔ་ལོར་གསར་བཞེངས་གནང་བའི་དགའ་ལྡན་ཐར་པ་ཆོས་གླིང་གི་གཙུག་ལག་ཁང་ལེགས་སྒྲུབ་ཟིན་པ་དེར་རབ་གནས་བཀའ་དྲིན་སྩལ་གནང་མཛད་རྒྱུ་དང་ དེ་བཞིན་ས་གནས་མི་མང་ཚོར་ཚེ་དབང་དང་བཀའ་སློབ་བཀའ་དྲི་བསྩལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་དང་ ཕྱི་ཚེས་༡༤ཉིན་ཀ་ལིམ་སྦུག་ཁུལ་གྱི་མཛད་འཆར་ཁག་ལེགས་པར་སྒྲུབ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྒང་ཏོག་མངའ་སྡེ་གཞུང་གི་ཇིེ་ལྟར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཐད་འཕུར་གནམ་གྲུ་བརྒྱུད་ར་ལྦང་ལའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་རྙིང་མའི་གནས་ཆེན་པདྨ་དབྱངས་རྩེ་དང་  བཀྲིས་སྟེང་ཞེས་པའི་གནས་ཆེན་ཁག་ཏུ་གནས་གཟིགས་མཛད་རྒྱུ་མ་ཟད་ ཕྱི་ཚེས་༡༦དང་༡༧བཞུགས་ཞགས་གཉིས་རིང་བཀྲ་ཤིས་སྟེང་དུ་སྐུ་མཚམས་བཞུགས་གནང་མཛད་རྒྱུ་ཡིན་འདུག 

ཕྱི་ཚེས་༡༨ཉིན་གྱི་སྔ་དྲོ་༧གོང་ས་མཆོག་ར་ཝང་ལར་རྟེན་གཞི་བྱས་པའི་ས་སྐྱ་གནས་ལུང་དགོན་པར་ཆིབས་སྒྱུར་བསྐྱང་ཏེ་ཚོུད་ཕྱེད་ཙམ་གྱི་མཛད་འཆར་སྒྲུབ་རྗེས་ར་ལྦང་ལའི་གཞིས་ཆགས་ཀྱི་མ་དགོན་ཐུབ་བསྟན་དར་རྒྱས་གླིང་དུ་ཆིབས་སྒྱུར་བསྐྱང་ཏེ་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ར་ལྦང་ལའི་མཛད་འཆར་སྒྲུབ་རྗེས་ར་བོང་ས་གནས་སུ་ཆིབས་སྒྱུར་བསྐྱང་ཏེ་ས་གནས་དེར་ཡོད་པའི་སྟོན་པའི་སྐྱེད་ཚལ་ཞེས་པའི་ནང་འབྲས་ལྗོངས་མངའ་སྡེ་གཞུང་གིས་སྟོན་པའི་སྐུ་བརྙན་མཐོ་ཚད་ཕི་ཊི་༡༣༤ཙམ་བྱས་པ་ཞིག་གསར་བཞེངས་གནང་བ་དེར་རབ་གནས་བཀའ་དྲིན་སྩལ་གནང་མཛད་རྒྱུ་དང་ ཕྱི་ཚེས་༡༩ཉིན་བྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཆིབས་སྒྱུར་བསྐྱངས་གནང་མཛད་ཏེ་ཕྱི་ཚེས་༢༠ཉིན་སྒང་ཏོག་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ཚོགས་འདུ་ཞིག་དབུ་འབྱེད་མཛད་རྒྱུ་དང་ཕྱི་ཚེས་༢༡ནས་༢༢བཞུགས་བཞག་གཉིས་རིང་༧གོང་ས་མཆོག་ནས་སྒང་ཏོག་སེར་སྐྱ་མང་ཚོགས་རྣམས་ལ་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་དང་ཚེ་དབང་བཀའ་དྲིན་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་དང་དེ་རྗེས་ནུབ་སྦེང་སྒལ་ཁུལ་དུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།