ཧོང་ཀོང་ཐོག་གི་ཁྲིམས་འཆར་གསར་པར་ཨ་རིའི་སྲིད་འཛིན་ནས་ངོ་རྒོལ།


2020-05-30
Share
ཧོང་ཀོང་ཐོག་གི་ཁྲིམས་འཆར་གསར་པར་ཨ་རིའི་སྲིད་འཛིན་ནས་ངོ་རྒོལ། ཨ་རིའི་སྲིད་འཛིན་མཆོག་ནས་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་གནང་སྐབས། ༢༠༢༠།༥།༢༩
ཨེ་ཨེཕ་པི།

རྒྱ་ནག་གིས་ཧོང་ཀོང་ཐོག་བདེ་སྲུང་གི་ཁྲིམས་འཆར་གསར་པ་ཞིག་གཏན་འབེབས་བྱ་རྒྱུའི་ཐག་གཅོད་བྱས་པར་ཨ་རིའི་སྲིད་འཛིན་Donald Trump མཆོག་གིས་ངོ་རྒོལ་གནང་ཐོག རྒྱ་ནག་ལ་ཆད་པ་གཅོད་རྒྱུ་དང་། དེ་བཞིན་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་དཔོན་རིགས་ཁག་ཅིག་ལ་དམ་བསྒྲགས་བཀའ་ཆད་ཕོག་སྲིད་པ་དང་། ཧོང་ཀོང་ལ་དཔལ་འབྱོར་གྱི་དམིགས་བསལ་ཐོབ་ཐང་ཡང་ད་ཕྱིན་གནང་རྒྱུ་མིན་སྐོར་གསུངས་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ལུགས་ཧོང་ཀོང་གི་བདེ་སྲུང་བློན་ཆེན་John Lee ཡིས་བརྗོད་འདུག

རོའུ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།            ཨ་རིའི་སྲིད་འཛིན་Trump མཆོག་གིས་རྒྱ་ནག་གིས་ཧོང་ཀོང་ཐོག་ཁྲིམས་འཆར་གསར་པ་འགེལ་བ་ཡིན་ན། ཨ་རིས་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་ཡིན་སྐོར་གསུངས་པའི་ཚོུད་གཅིག་ཙམ་རྗེས་ཧོང་ཀོང་གི་བདེ་སྲུང་བློན་ཆེན་John Lee ཡིས་ཨ་རིས་ཧོང་ཀོང་གཞུང་ལ་སྡིག་ར་དེ་ལྟར་སྐུལ་མི་ཉན་ལ། དེ་ལ་ལམ་ལྷོང་ཡང་ཡོང་གི་མ་རེད། གང་ལགས་ཞེས་ན། ང་ཚོས་ཁྲིམས་མཐུན་བྱེད་ཀྱི་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ལ།  ཁྲིམས་འཆར་གསར་པ་དེར་འགྱུར་བ་གཏོང་ཐབས་ཡོད་པ་མ་རེད་ཞེས་བརྗོད་བཞག

ཡང་ཧོང་ཀོང་གི་ཁྲིམས་དོན་བློན་ཆེན་Teresa Cheng ནས་ཀྱང་སྲིད་འཛིན་Trump མཆོག་གིས་གང་གསུངས་པ་དེ་ནི་ནོར་འཁྲུལ་རེད། ཧོང་ཀོང་གི་རྒྱལ་ནང་བདེ་སྲུང་ཁྲིམས་འཆར་དེ་ནི་ཁྲིམས་མཐུན་ཞིག་རེད་ལ། དགོས་ངེས་ཞིག་ཀྱང་རེད་ཅེས་གསུངས་བཞག

ཨ་རིའི་སྲིད་འཛིན་Trump མཆོག་གིས། རྒྱ་ནག་གིས་ཧོང་ཀོང་ཐོག་བདེ་སྲུང་གི་ཁྲིམས་འཆར་གསར་པ་གཏན་འབེབས་བྱས་པ་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པར་རྒྱ་ནག་གིས་བརྩི་མེད་བཏང་ནས་ཧོང་ཀོང་གི་རང་སྲིད་རང་སྐྱོང་གི་གནས་འབབ་སྤྲོད་རྒྱུའི་ཁས་ལེན་དང་འགལ་བའི་བྱ་སྤྱོད་ཞིག་ཡིན་སྟབས། ཧོང་ཀོང་ལ་ད་ཕྱིན་ཨ་རིས་དཔལ་འབྱོར་གྱི་དམིགས་བསལ་ཁེ་ཕན་སྤྲོད་རྒྱུ་མིན་པ་དང་། ཧོང་ཀོང་གི་རང་དབང་མེད་པ་བཟོ་མཁན་གྱི་འགན་འཁྲི་ཡོད་པའི་མི་སྣ་ཁག་ཅིག་ལ་སྲིད་དོན་གྱི་བཀའ་ཆད་འགེལ་རྒྱུ་ཡིན་སྐོར་ཁ་སང་སྲིད་འཛིན་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་གནང་བའི་སར་གསུངས་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།