རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གདན་ས་འབྲས་སྤུངས་དགོན་པའི་འབྲེལ་ཡོད་འགན་འཁུར་བ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཕྱི་ཟླ་༤ཚེས་༡༨ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་༥པ་ཡས་མས་སུ་ཁུལ་དེར་དབྱར་ཁའི་ཆར་དུས་མ་སླེབས་སྔོན་དུ་ཆར་རླུང་དྲག་པོ་བརྒྱབ་སྟེ། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་གསུམ་པའི་ཚོང་ཁང་དང་ཟ་ཁང་ཁག་ཅིག་ལ་གནོད་འཚེ་ཕྲན་བུ་བྱུང་ཡོད་འདུག་ལ། དེ་བཞིན་གཞིས་ཆགས་དེའི་ནང་དུ་ཆགས་པའི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མི་གྲངས་ཁྲི་གཅིག་ཙམ་གཤོངས་སའི་ཆོས་རྭའི་ཐོག་ཁེབས་ལ་གནོད་སྐྱོན་བཟོས་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ལ་བརྙན་ཐུང་འབྱོར་བའི་ནང་དུ། ཁུལ་དེར་ཆར་རླུང་དྲག་པོ་བརྒྱབ་སྟེ་ཤིང་སྡོང་དང་ཁང་པའི་ཐོག་ཁེབས་ཆར་རླུང་གིས་འཁུར་བཞིན་པ་མཐོང་ཐུབ་ལ། ད་ལྟའི་ཆར་མི་ལ་གནོད་སྐྱོན་ཕོག་པའི་གནས་ཚུལ་གོ་རྒྱུ་མི་འདུག་ཀྱང་། བོད་མིའི་གཞིས་སྒར་དང་དགོན་པའི་གྲྭ་ཤག་གི་སྒོ་དང་སྒེའུ་ཁུང་ལ་བཅག་གཏོར་ཕྲན་བུ་བྱུང་སྟེ་ལམ་བར་དུ་ཤིང་སྡོང་འགྱེལ་བ་སོགས་མཐོང་རྒྱུ་འདུག་ཅིང་། གློག་ཆད་པ་སོགས་བྱུང་འདུག
འདི་ག་རླུང་འཕྲིན་ཁང་གིས་སྐབས་འཕྲལ་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་འབྲེལ་བ་ཞུས་ཏེ། མོན་གྷོ་འདོད་རྒུ་གླིང་གི་དྲག་ཆར་གྱིས་བོད་མིའི་ཚོང་ཁང་དང་ཟ་ཁང་། སྡོད་ཁྱིམ། དགོན་པ་སོགས་ལ་གནོད་སྐྱོན་ཇི་ཙམ་བཟོས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་བཀའ་འདྲི་ཞུ་ཐབས་བྱས་ཀྱང་ད་ལྟ་ཁུལ་དེར་མཚན་མོ་གློག་མེད་པར་གྱུར་ཞིང་ལམ་དུ་ཤིང་སྡོང་འགྱེལ་བ་སོགས་ཀྱི་བགྲོད་ལམ་སོགས་སྟབས་བདེ་མེད་པར་འཕྲལ་དུ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་རྒྱུ་དཀའ་བས་གསལ་པོ་གསུང་རྒྱུ་མེད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།