རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག

2025.02.06
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག ཨ་རིའི་སྲིད་འཛིན་(Donald Trump)་གྱིས་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་ཐོན་གནང་རྒྱུའི་བཀའ་རྒྱར་མཚན་རྟགས་བཀོད་སྐབས། ༢༠༢༥།༢།༤
AP

ཨ་མི་རི་ཀ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་འདི་ཚེས་༥ཉིན་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བློ་ཕམ་བྱུང་བའི་གསལ་བསྒྲགས་སྤེལ་འདུག་ལ། གསལ་བསྒྲགས་དེའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དེ་ནི་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་རང་དབང་གི་ཆེད་དུ་ཕྱག་ལས་གནང་མཁན་ཞིག་ཡིན་པར་བརྟེན་ནས་ཨ་མི་རི་ཀ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་ནས་ཕྱིར་འཐེན་བྱས་པའི་གནས་སྟངས་ལ་ཧ་ཅང་གི་བློ་ཕམ་བྱུང་བ་དང་། ཨ་རིའི་གནང་སྟངས་དེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ནང་ཨ་མི་རི་ཀའི་འགོ་ཁྲིད་ཀྱི་གནས་བབ་མེད་པར་བཟོས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་དང་། རྒྱ་ནག་གི་སྲིད་དབང་སྒེར་འཛིན་གྱི་ལངས་ཕྱོགས་དང་མཐུན་པ་བཟོ་རྒྱུའི་དམིགས་ཡུལ་ཅན་རྣམས་ལ་ཁ་གཏད་གཅོག་མཁན་གྱི་སྐད་ཆ་ཤོད་ས་མེད་པ་བཟོས་པ་རེད།
ཨ་མི་རི་ཀ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུའི་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱུན་མཐུད་ནས་གླེང་སློང་གནང་མཁན་གྱི་རྒྱལ་ཁབ་ཁག་གི་གྲས་ཤིག་རེད།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཐོག་འཆར་གཞི་ལྡན་པའི་སྒོ་ནས་དྲག་གནོན་བྱེད་བཞིན་པར་བརྟེན་ནས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་དང་ཟུར་ཉན་རྒྱལ་ཁབ་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་བཅས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་སྲུང་སྐྱོབ་ཡོང་ཐབས་ཐད་ཤུགས་སྣོན་སྐྱོན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དེ་ནི་བོད་མིའི་རིག་གཞུང་དང་ངོ་བོ་རྩ་མེད་འགྲོ་བའི་ཉེན་ཁར་མུ་མཐུད་གནས་ཡོད། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་ལ་ཨ་མི་རི་ཀ་གཙོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མེད་པ་བཟོས་ཏེ་རྒྱ་ནག་ལམ་ལྷོང་བྱུང་ཚེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ལ་གནོད་སྐྱོན་ཚབས་ཆེ་བཟོ་ངེས་རེད་ཅེས་བྲིས་འདུག
བོད་ནང་གི་འགྲོ་མིའི་ཐོབ་ཐང་གི་གནས་བབ་ཐད་ཉམས་ཞིབ་གནང་མཁན་ངག་དབང་ལུངས་རྟོགས་ལགས་ཀྱིས། ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་འགྲོ་གྲོན་རོགས་དངུལ་ཇེ་མང་དུ་བཏང་ནས་རྒྱ་ནག་གི་ནུས་བ་ཆེ་རུ་འགྲོ་ངེས་ཡིན་པས་རྒྱལ་ཚོགས་ནང་བོད་དོན་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུར་དཀའ་ངལ་ཆེ་རུ་འགྲོ་ངེས་རེད་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་ (Donald Trump) གྱིས་ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་ཐོན་གནང་བ་ནི་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། དེ་སྔ་ཕྱི་ལོ་༢༠༡༨ལོར་ཁོང་ཉིད་སྲིད་འཛིན་གནང་བའི་སྐབས་ཡང་ཕྱིར་ཐོན་གནང་མྱོང་ཡོད། ད་རེས་སྤྱི་ལོ་༢༠༢༥ལོའི་ཕྱི་ཟླ་དང་པོའི་ཚེས་༢༠ ཉིན་སྲིད་འཛིན་ཊམཔ་ (Trump) གྱི་སྐབས་གཉིས་པའི་ཨ་རིའི་སྲིད་འཛིན་གྱི་ལས་དོན་འགོ་བཙུགས་པ་ནས་བཟུང་། ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཁོངས་དང་། ཕ་རི་སི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཁོངས་བཅས་ནས་ཕྱིར་ཐོན་པ་མ་ཟད། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་གཞན་ཁག་ལ་འགྲོ་གྲོན་རོགས་དངུལ་ཇེ་ཉུང་དུ་གཏོང་འཆར་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎