རྒྱ་གར་དང་པ་ཀི་སི་ཐན་བར་ཞི་གྲོས་ལས་རིམ་མཚམས་འཇོག

པ་ཀི་སི་ཐན་དང་རྒྱ་གར་བར་དུ་ཞི་བའི་གྲོས་མོལ་གྱི་ལས་རིམ་དེ་བཞིན་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

༄༅༎དེ་རིང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ཉེ་ཆར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་ཚབས་ཆེ་བཏང་བར་བརྟེན་ནས་བར་ལམ་པ་ཀི་སི་ཐན་དང་རྒྱ་གར་བར་དུ་ཞི་བའི་གྲོས་མོལ་གྱི་ལས་རིམ་ཞིག་ཐོག་བསྐྱོད་བཞིན་ཡོད་པ་དེ་བཞིན་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པར་ནབ་མུ་ཁར་ཇི་ཡིས་རྒྱ་གར་གྱི་བདག་དབང་འོག་ཏུ་ཡོད་པའི་རྩོད་གཞི་ཅན་གྱི་ཀཤི་མིར་ས་གནས་ཀྱི་གྲོང་ཁྱེར་ཤྲི་ན་གར་ནང་གསར་འགོད་པར་གསུང་དོན་ལ་ང་ཚོའི་རེ་བ་ནི་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ལ་པ་ཀི་སི་ཐན་ཕྱོགས་ནས་རྒྱ་གར་ནང་དུ་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་བྱ་སྤྱོད་སྤེལ་རྒྱུ་བཀག་འགོག་གནང་དགོས་པའི་འབོད་སྐུལ་ཞུས་པ་བཞིན་གནད་དོན་དེ་དག་ངེས་པར་དུ་གྲུབ་འབྲས་ཐོན་པ་ཞིག་གནང་དགོས་ཀྱི་རེད་ཅེས་དང་པ་ཀི་སི་ཐན་ངོས་ནས་རྒྱ་གར་ནང་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་དུ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་པ་བཞིན་ཁ་ནས་བཤད་པ་དོན་དངོས་ལག་ལེན་འཁྱོལ་བ་བྱ་དགོས་ཀྱི་རེད། རྒྱ་གར་གྱི་རེ་འདུན་དེར་པ་ཀི་སི་ཐན་ངོས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་བཏོན་རྒྱུ་དང་ཁས་ལེན་གནང་བ་དེར་ཁ་ཞེ་གཉིས་མེད་ཀྱིས་དོན་ངོ་མའི་བྱ་སྤྱོད་དུ་འཁེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་དོན་རྐྱེན་ཐོག་མ་ཐག་རྒྱ་གར་གྱི་གསར་ཤོག་པེརེསི་ཀྲ་ར་སེ་ཨོཕ་ཨིན་ཌི་ཡ་ཞེས་པའི་ཐོག་རྒྱ་གར་གཞུང་གིས་པ་ཀི་སི་ཐན་ལྷན་དུ་ཞི་བའི་གྲོས་མོལ་གྱི་ལས་རིམ་མཚམས་འཇོགས་བྱ་རྒྱུའི་དགོངས་གཞི་གནང་གི་ཡོད་པའི་སྐོར་གསལ་བསྒྲགས་བྱས་ཡོད་ཅིང་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་ཞི་བའི་གྲོས་མོལ་དེ་ནི་ཕྱི་ལོ་༢༠༠༤འགོ་བཙུགས་ཡོད་ཀྱང་བར་ལམ་ཕྱི་ཟླ་བདུན་པའི་ནང་ཨཕ་ག་ནི་སི་ཏན་གྱི་རྒྱལ་ས་ཀ་སྦུལ་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཐོག་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་རྗེས་རྒྱ་གར་གཞུང་གིས་བྱ་སྤྱོད་དེ་ནི་པ་ཀིསི་ཐན་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་འཛུགས་བྱས་ཏེ་ཕྱོགས་གཉིས་བར་གྱི་ཞི་བའི་གྲོལ་མོལ་ལས་རིམ་དེར་དཀའ་ངལ་དུ་གྱུར་བའི་ཁར་ད་རེས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་གྱི་བྱ་སྤྱོད་དེའི་ཐོག་ནས་སླར་ཡང་ཞི་བའི་གྲོལ་མོལ་དེར་འགོག་རྐྱེན་བཟོས་ཡོད་པ་རེད།