ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ལྕགས་དྲྭ་དང་ཞིབ་བཤེར་འཛུལ་སྒོ་སོགས་ཇེ་མང་དུ་བཏང་འདུག


2020-09-02
Share
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༧ ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༧
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་ཡོངས་སུ་སྔོག་ནས་བསྒྱུར་བཟོ་བྱས་བ་དང་མཉམ་དུ་ལྕགས་དྲྭ་དང་ཞིབ་བཤེར་འཛུལ་སྒོ་སོགས་ཇེ་མང་དུ་བཏང་ཡོད་པ་རེད་འདུག
འདི་ལོའི་ལོ་སྟོད་ནས་བཟུང་རྒྱ་ནག་གཞུང་གིས་རྣམ་པ་གོང་མཐོར་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་གཏོང་རྒྱུ་ཡིན་ཚུལ་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ངམ་གཙུག་ལག་ཁང་གི་མདུན་ཐང་གི་ཐང་ཆེན་ཡོངས་སུ་བསྔོགས་ནས་ཟླ་ཤས་རིང་བསྒྱུར་བཟོའི་ལས་གཞི་སྤེལ་བ་ད་ཆ་ཡོངས་སུ་འགྲུབ་ལ་ཉེ་བར་ཡོད་འདུག་པ་དང་། ལས་གཞི་དེའི་ཁྲོད་ཐང་ཆེན་གྱི་རྡོ་གཅལ་དང་། ས་འོག་གི་སྦུ་གུ་བརྗེ་སྤོར་བྱས་པ་དང་མཉམ་དུ། གཙུག་ལག་ཁང་གི་མདུན་ཐང་དུ་གང་སར་ལྕགས་དྲྭས་སྐོར་ནས་གང་བྱུང་འགྲོ་བསྐྱོད་མི་ཐུབ་པ་བཟོས་ཡོད་པ་འདུག་པར་མ་ཟད། ཞིབ་བཤེར་ས་ཚུགས་དང་ཞིབ་བཤེར་འཛུལ་སྒོ་ཇེ་མང་དུ་བཏང་ཡོད་པ་ལྷ་ས་ནས་དངོས་སུ་མཐོང་བའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་དུང་ཁོང་གིས་གཙུག་ལག་ཁང་གི་མདུན་ཐང་བསྒྱུར་བཟོའི་ལས་གཞིའི་སྐབས་ཁུལ་དེར་མི་སྣ་གཅིག་ཀྱང་འགྲོ་བསྐྱོད་མི་ཆོག་པར་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་དང་། ད་ཆ་གཙུག་ལག་ཁག་གི་མདུན་ཐང་དུ་ལྕགས་རྭ་དང་ཞིབ་བཤེར་འཛུལ་སྒོ་ཇེ་མང་དུ་བཏང་བ་དེས་དད་ལྡན་པ་ཚོ་མཆོད་མཇལ་དང་བསྐོར་བ་བྱེད་པར་སྟབས་མི་བདེ་བ་བཟོས་པ་དང་། དོན་དངོས་ལས་གཞི་དེས། ནམ་རྒྱུན་གཙུག་ལག་ཁང་གི་མདུན་དང་བར་སྐོར་སོགས་ལ་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་དང་གསང་བའི་མི་སྣ་ཚོར་ལས་དོན་སྤེལ་རྒྱུ་སྟབས་བདེ་རུ་བཏང་ཡོད་པ་མངོན་གསལ་ཡིན་པ་ཡང་ངོ་སྤྲོད་གནང་བྱུང་།
དེའི་སྔོན་ཉེ་བའི་སྤྱི་ཟླ་༥་བའི་ནང་། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་བའི་རྐྱེན་མི་ཚོགས་འདུ་འཛོམས་དང་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པའི་བར་སྐབས་དེར། རྒྱ་ནག་གཞུང་གིས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་ལོ་རྒྱུས་ལྡན་པའི་དབོན་ཞང་རྡོ་རིང་ཐོག་བོད་ཀྱི་སྲོལ་རྒྱུན་དགོན་སྡེའི་ཨར་ལས་འཛུགས་སྐྲུན་དང་མི་མཐུན་པའི་རྒྱ་ལུགས་ཀྱི་ལྡིང་ཁང་གཉིས་གསར་བསྐྲུན་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎