ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡབ་ཀརྨ་དོན་གྲུབ་ལགས་དགུང་ལོ་༨༧ཐོག་དགོངས་པ་རྫོགས་འདུག

2024.05.23
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡབ་ཀརྨ་དོན་གྲུབ་ལགས་དགུང་ལོ་༨༧ཐོག་དགོངས་པ་རྫོགས་འདུག ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡབ་ཀརྨ་དོན་གྲུབ་ལགས། ༼ཟླ་ཚེས་མི་གསལ
Facebook / Karmapa Service Society

* ཚེས་༢༤ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནས་འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཡབ་ཀརྨ་དོན་གྲུབ་བཀྲ་ཤིས་ལགས་བོད་ཟླ་༤་ཚེས་༡༥་སྟེ་སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ལས་མཛད་ཆེན་གསུམ་འཛོམས་ཀྱི་དུས་ཆེན་ཉིན་ཆབ་མདོའི་སྨན་ཁང་ནང་དུ་ཡུན་རིང་སྙུན་གཞིའི་རྐྱེན་གྱིས་དགོངས་པ་རྫོགས་ཡོད་པ་དང་། སྐབས་དེར་ཁོང་དགུང་ལོ་༨༧ཕེབས་ཡོད་པ་རེད། ད་ལྟ་སྐུ་ཕུང་ཀརྨ་པའི་འཁྲུངས་ཡུལ་ཁམས་ལྷ་ཐོག་ཁུལ་དུ་ཡབ་ཚང་གི་ནང་ལ་གདན་འདྲེན་ཞུས་ནས་དགོན་ཁག་མང་པོའི་བླ་སྤྲུལ་ཕེབས་ནས་འདས་མཆོད་ཚོགས་བཞིན་ཡོད་འདུག
རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་ནི། རབ་བྱུང་བཅུ་བདུན་པའི་ཤིང་གླང་༡༩༨༥ལོའི་བོད་ཟླ་༥བའི་ཚེས་༨ཉིན་མདོ་ཁམས་ལྷ་ཐོག་ཁུལ་དུ་ཡབ་ཀརྨ་དོན་འགྲུབ་བཀྲ་ཤིས་དང་ཡུམ་བློ་དགའ་གཉིས་ཀྱི་འབྲོག་པའི་ཁྱིམ་ཚང་དུ་སྐུ་བལྟམས། རྒྱལ་དབང་ཀརྨ་པའི་མ་ཡུམ་བློ་དགའ་ལགས་ད་ལྟ་དགུང་ལོ་བདུན་ཅུའི་ནང་ལ་ཕེབས་ཡོད་ཅིང་། རྒྱལ་དབང་ཀརྨ་པའི་ཁྱིམ་ཚང་ལ་བུ་གསུམ་དང་བུ་མོ་དྲུག་བཅས་མིང་སྲིང་དགུ་ཡོད་པའི་ནང་། བཙན་བྱོལ་ནང་རྒྱལ་དབང་ཀརྨ་པ་ལྷན་དུ་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས་ཕེབས་ཡོད་པ་ལས་གཞན་ཚོ་བོད་ནང་བཞུགས་ཡོད།
རྒྱལ་དབང་ཀརྨ་པ་མཆོག་དགུང་ལོ་བརྒྱད་ཀྱི་ཐོག་༡༩༩༢ལོའི་ཟླ་བ་ལྔ་པའི་ནང་གོང་མའི་ཞལ་ཆེམས་དང་ར་འཕྲོད་བྱུང་དོན་བཞིན་ཏཱ་ཡེ་སི་ཏུ་དང༌། མཚུར་ཕུ་རྒྱལ་ཚབ་རྣམ་གཉིས་ཀྱིས་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་རྗེས། སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཐག་གཅོད་གཏན་འཁེལ་གནང༌། དགུང་ལོ་༡༤འི་ཐོག་ཕྱི་ལོ་༢༠༠༠་ཐམ་པར་རྒྱ་གར་འཕགས་ཡུལ་དུ་བྲོས་བྱོལ་ལ་ཕེབས་ནས། ༧གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་མཇལ་འཕྲད་ལྷུག་པོར་གནང་བར་མ་ཟད། ༧གོང་ས་མཆོག་གིས་གཞན་དང་མི་འདྲ་བའི་གདེང་འཇོག་ཆེན་པོ་གནང་ཡོད། རྒྱལ་དབང་ཀརྨ་པ་མཆོག་ཕྱི་ལོ་༢༠༠༠་ལོར་བཙན་བྱོལ་དུ་ཕེབས་པའི་རྗེས་ནས་ཡབ་ཡུམ་གཉིས་དང་མཇལ་འཕྲད་བྱུང་ཐུབ་མེད་པ་རེད།
བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པ་དང་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཟླ་སྣང་ཐེབས་རྩ་ཚོགས་པ་གཉིས་ནས་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཡབ་ཀརྨ་དོན་གྲུབ་ལགས་བོད་ནང་དུ་དགུང་ལོ་༨༧་ཐོག་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་འདུག་པས་སྨོན་ལམ་འཚོག་རྒྱུ་ཡིན་པར་མང་ཚོགས་མཉམ་ཞུགས་གནང་རོགས་ཞེས་ཁག་སོ་སོར་གསལ་བསྒྲགས་སྤེལ་འདུག དེའང་ཟླ་སྣང་ཐེབས་རྩ་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་། ཡབ་ཀརྨ་དོན་གྲུབ་མཆོག་བོད་ནང་གི་དུས་ཚོད་བོད་ཟླ་༤་ཚེས་༡༥་སྟེ་སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ལས་མཛད་ཆེན་གསུམ་འཛོམས་ཀྱི་དུས་ཆེན་ཉིན་དགོངས་པ་རྫོགས་འདུག་པས། ཟླ་སྣང་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག་བོད་ཟླ་བཞི་པའི་ཚེས་༡༥འི་དགོང་མོ་ཆུ་ཚོད་༦་པ་ནས་༨་བར་སྨོན་ལམ་ཚོགས་རྒྱུ་བསྒྲགས་འདུག
གཞན་ཡང་བྱང་ཨ་རིའི་ཀརྨ་པ་སྲི་ཞུ་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་། ཡབ་ཆེན་མཆོག་སྐུ་གཤེགས་པས་དམ་པ་ཁོང་གི་ས་ལམ་ལ་བར་ཆད་མི་འབྱུང་བའི་ཆེད་དུ་སྤྱི་ལོ་༢༠༢༤་ཟླ་༥་ཚེས་༢༣་དགོང་མོ་ཆུ་ཚོད་༧་པའི་ཐོག་ཀརྨ་པ་སྲི་ཞུ་ཚོགས་པས་གོ་སྒྲིག་འོག་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་ཡིན་པ་བསྒྲགས་འདུག


གསར་འགོད་པ། རྡོ་རྗེ་དགྲ་འདུལ། ཆོས་སྐྱིད། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ནྰ་ལནྡྰ་གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་གནང་བར་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎