དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཐུགས་འཚབ་དང་འབོད་སྐུལ།

བོད་མི་ཚོའི་ངོས་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཁ་གཏད་ཀྱི་ཐབས་ལམ་གཞན་འཚོལ་ཐབས་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

༄༅༎བཀའ་རྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། བོད་ནང་དུ་རང་ལུས་མེ་བསྲེག་གཏོང་བའི་བོད་མིའི་གནས་སྟངས་ཐོག་ལ་ཐུགས་འཚབ་གནང་གི་ཡོད་པ་དང༌། བོད་མི་ཚོའི་ངོས་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཁ་གཏད་ཀྱི་ཐབས་ལམ་གཞན་འཚོལ་ཐབས་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
བོད་ནང་དུ་བོད་མི་ཚོས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་གནས་སྟངས་ཐོག་རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ཟླ་བཅིུག་པའི་ཚེས་༩ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་དང་བོད་ནང་གི་བོད་མི་ཚོར་འབོད་སྐུལ་ཞིག་གནང་ཡོད་ཅིང༌། དེ་ཡང་རྒྱ་ནག་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་ཇུས་དེ་དག་ལ་བསྐྱར་ཞིབ་བྱ་དགོས་པ་དང༌། བོད་མི་དམངས་ཀྱི་རེ་འདུན་ལ་ཉན་འཇོག་བྱས་ཏེ། བོད་མིའི་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་བྱ་རྒྱུའི་ཐབས་ལམ་འཛིན་རྒྱུ་ལས། རྩུབ་སྤྱོད་དང་དྲག་གནོན་གྱི་བྱ་ཐབས་ལ་བརྟེན་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱས་ན་འགྲིག་ཐབས་མེད་པ་རེད་ཅེས་དང། བོད་ནང་དུ་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་ཀྱི་བྱུང་བཞིན་པ་དེ་ནི་བོད་ནང་དུ་ཁྲིམས་ལུགས་དྲང་བདེན་དང་འདྲ་མཉམ་མེད་པ༌། དྲག་གནོན་ལ་མི་བཟོད་པའི་ངུ་འབོད་ཅིག་ཡིན་ཞིང། ངོས་རང་བོད་ནང་གི་བོད་མིས་རང་ལུས་མེ་བསྲེག་གཏོང་བའི་གནས་ཚུལ་ཐོས་རེར་བཞིན་སེམས་ལ་བཟོད་ཐབས་མེད་པའི་ན་ཟུག་ཚད་མེད་གཏོང་གི་འདུག་ བོད་ལ་མཚོན་ན་མི་འབོར་ཉུང་ཉུང་ཡིན་པ་དང༌། བོད་མི་རེ་རེའི་ཚེ་སྲོག་ནི་བོད་དོན་ཆེད་དུ་རིན་ཐང་ཆེན་པོ་ཡིན་ཞིང༌། ནང་པ་ཚོས་ཚེ་སྲོག་ལ་ཧ་ཅང་རྩ་ཆེ་དང་གཅེས་འཛིན་བྱེད་པ་བཞིན་བོད་མི་ཚོས་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་ལ་གཅེས་འཛིན་བྱས་ཏེ་བོད་དོན་འཐབ་རྩོད་ཆེད་དུ་ཐབས་ལམ་གཞན་ཞིག་འཚོལ་གྲུབ་བྱས་ཏེ། དོན་ཕན་ལྡན་པའི་སྒོ་ནས་བོད་རྩ་དོན་གྱི་ལས་འགན་གྲུབ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།