༧གོང་ས་མཆོག་གི་གོ་སྟོན་དང་བརྒྱ་སྟོན་སྲུང་བརྩི་ལ་གྲ་སྒྲིག་དགོས།
2015.06.24

༧གོང་ས་མཆོག་གི་༧སྐུའི་གྱ་སྟོན་ཉིན་གསུམ་རིང་སྤེལ་བའི་མཛད་རིམ་ལེགས་གྲུབ་བྱུང་ཡོད་པ་རེད།
དེ་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་སྐུའི་གོ་སྟོན་དང་། བརྒྱ་སྟོན་བཅས་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་དགོས་ལ་མ་འོངས་པར་ཆོལ་ཁ་གསུམ་ཐུན་མོང་གིས་སྲུང་བརྩི་ཞུ་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་ཡོད་པ་དང་། དེ་ནི་ཕྱི་ཟླ་དྲུག་པའི་ཚེས་༢༡ཏེ་བོད་ལུགས་ཀྱི་ཟླ་བ་ལྔ་པའི་ཚེས་ལྔ་ནས་བཟུང་ཉིན་གྲངས་གསུམ་ཙམ་རིང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གྱི་མཛད་སྒོ་རིམ་པ་ཁག་ལས་འགུལ་འདྲ་མིན་གྱི་ལམ་ནས་སྲུང་བརྩི་ཞུས་ཡོད་པ་རེད། ལྷག་པར་དུ་ཁ་ས་ཚེས་༢༣་ཉིན་མདོ་སྨད་ཆོལ་ཁའི་ངོས་ནས་བཞུགས་སྒར་རྡ་རམ་ས་ལའི་ལྷ་རྒྱལ་རི་ཁུལ་མཛད་སྒོ་སྲུང་བརྩི་ཞུ་བ་དང་། མདོ་སྨད་དགྱེས་འཛོམས་སྐབས་དམིགས་བསལ་སྐུའི་གཅེན་པོ་དང་། བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་དབུས་པས་འབྲེལ་ཡོད་ཁག་ཅིག་ལ་མཛད་རྗེས་ལ་བསྔགས་བརྗོད་དང་སྦྲགས་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་རེད། དེ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚ་རྣམས་ནས་གསུང་བཤད་གནང་བ་དང་། དེ་དང་ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་དང་བཀའ་ཟུར་ཐུབ་བསྟན་ལུང་རིག་ལགས་བཅས་ནས་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་ལྷག་པར་དུ་བཀའ་དྲིན་རྗེས་དྲན་གྱི་ཆེད་བསྟོད་ཀྱི་ཚུལ་དུ་གསུང་བཤད་དང་བོད་མི་ཚོར་འབོད་སྐུལ་གནང་བ་སོགས་ཀྱི་ལམ་ནས་སྲུང་བརྩི་ཞུས་འདུག ལྷག་པར་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་བའི་ནང་། མ་འོངས་པར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་སྐབས་གོ་སྟོན་དང་། དགུང་གྲངས་བརྒྱ་ཐམ་པར་ཕེབས་པའི་སྐབས་བརྒྱ་སྟོན་བཅས་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་དགོས་ལ། ད་ལོ་ནས་བརྩིས་པའི་ལོ་ལྔ་ཡི་རྗེས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་ཀེག་འཁེལ་གནང་གི་ཡོད་སྟབས། རིང་མིན་ཚོགས་འཆར་ཡོད་པའི་མདོ་སྨད་ཚོགས་ཆེན་ཐོག་དེའི་སྐོར་བཀའ་བསྡུར་གནང་དགོས་རྒྱུ། དགུང་ཀེག་གི་བརྟན་བཞུགས་དེ་བཞིན་བོད་ཆོལ་ཁ་གསུམ་ཐུང་མོང་གིས་འབུལ་ཐུབ་པ་ཡིན་ན་གཟི་བརྗིད་ཅིག་ཆགས་རྒྱུ་ཡིན་པས་ད་ལྟ་ནས་བསམ་བློ་གཏོང་དགོས་ལུགས་བཀའ་གནང་བ་སོགས་ཐེངས་འདིའི་སྐུའི་གྱ་སྟོན་གྱི་གཞུང་སྒེར་གཉིས་ཀྱི་མཛད་རིམ་ལེགས་གྲུབ་བྱུང་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།