རྒྱ་ནག་གི་མཐའ་སྲུང་དམག་མིས་ལ་དྭགས་ཀྱི་འབྲོག་པ་ཚོས་བཀག་གཞུང་འབྲོག་སར་སྒོ་ཕྱུགས་འཚོ་རྒྱུ་བཀག་འགོག་བྱས་འདུག

2024.01.31
རྒྱ་ནག་གི་མཐའ་སྲུང་དམག་མིས་ལ་དྭགས་ཀྱི་འབྲོག་པ་ཚོས་བཀག་གཞུང་འབྲོག་སར་སྒོ་ཕྱུགས་འཚོ་རྒྱུ་བཀག་འགོག་བྱས་འདུག རྒྱ་ནག་གི་མཐའ་སྲུང་དམག་མིས་ལ་དྭགས་ཀྱི་འབྲོག་པ་ཚོས་བཀག་གཞུང་འབྲོག་སར་སྒོ་ཕྱུགས་འཚོ་རྒྱུ་བཀག་འགོག་བྱས་སྐབས། ༠༡།༠༢།༢༠༢༤
མཐུན་འགྱུར་པར་རིས། ཀུན་བཟང་རྣམ་རྒྱལ།

དེ་ཡང་ཉེ་ལམ་སྤྱི་ཟླ་དང་པོའི་ཚེས་༢ཉིན་འཕགས་བོད་གཉིས་ཀྱི་ས་འཚམས་ལ་དྭགས་བྱང་ཐང་བཀག་གཞུང་ཕྱོགས་སུ་ལ་དྭགས་ས་གནས་ཀྱི་འབྲོག་པ་ཁག་ཅིག་གིས་སྒོ་ཕྱུགས་འཚོ་བཞིན་པའི་སྐབས། རྒྱ་ནག་གི་མཐའ་སྲུང་དམག་མི་ཡོང་ནས་ས་ཆ་དེར་འགྲོ་མི་ཆོག་པ་དང་སྒོ་ཕྱུགས་འཚོ་མི་ཆོག་ཞེས་བཀག་འགོག་བྱས་བའི་བརྙན་ཐུང་ཞིག་ལ་དྭགས་སུ་གནས་སྡོད་ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་འདུག་ལ། ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བྱང་ཐང་བཀག་གཞུང་ཕྱོགས་ཀྱི་འབྲོག་ས་རུ་ས་གནས་ཉེ་འཁོར་བྱང་ཐང་གཞན་གྱི་འབྲོག་པ་རྣམས་ཕྱི་ཟླ་༡པོའི་ནང་སྒོ་ཕྱུགས་འཚོ་བར་ཡོང་སྲོལ་ཡོད་པ་དང་། བཀག་གཞུང་འབྲོག་སར་བད་ལུང་དང་། སྨད་ལུང་། བྲག་ལུང་གསུམ་བཅས་གསུམ་ཡོད་པ་ནས་སྨད་ལུང་དེ་སྔོན་རྒྱ་དམག་གིས་བཙན་བཟུང་བྱས་ཟིན་ཡོད། ད་ཆ་རྒྱ་ནག་གི་དམག་གིས་བྲག་ལུང་དང་བད་ལུང་གཉིས་ལ་འགྲོ་མི་ཆོག་པ་དང་། སྒོ་ཕྱུགས་འཚོ་མི་ཆོག་པ་བཤད་ནས་བཀག་འགོག་བྱས་ཡོད་པ་བརྗོད་བྱུང་།

Kakjung area Ladakh (1).jpg
ལ་དྭགས་བྱང་ཐང་བཀག་གཞུང་ཁྱབ་ཁོངས་ཀྱི་ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་འཐུས་སྐུ་ཞབས་ཡེ་ཤེས་དཔལ་བཟང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། གནས་ཚུལ་དེ་བྱུང་རྗེས་སྤྱི་ཟླ་དང་པོའི་ཚེས་༡༣ཉིན་ཁོང་དང་ས་གནས་ཀྱི་འགོ་ཁྲིད། ས་གནས་རྒྱ་གར་གྱི་དམག་དཔོན་བཅས་བཀག་གཞུང་ས་གནས་སུ་སོང་སྟེ། ས་གནས་ཀྱི་འབྲོག་པ་མང་ཚོགས་ཚོར་ཐུག་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་བ་ཡིན། མ་ཟད་མ་འོངས་བར་གནས་ཚུལ་དེ་རིགས་བྱུང་ཚེ་ལ་དྭགས་ས་གནས་ཀྱི་རྒྱ་གར་དམག་མི་དང་འབྲེལ་ཡོད་ཚོར་བརྡ་གཏོང་དགོས་བ་ནན་བརྗོད་བྱས་ཡོད། ལ་དྭགས་ས་མཚམས་ཀྱི་འབྲོག་པ་ཚོས་ད་ཐེངས་ཡག་པོ་གནང་འདུག མ་འོངས་བར་དཀའ་ངལ་འཕྲད་དུས་ང་ཚོ་ཡོང་རྒྱུ་ཡིན་ཞེས་རྒྱབ་སྐྱོར་གནང་ཡོད་པ་བརྗོད་བྱུང་།
ལ་དྭགས་ཕྱོགས་ཀྱི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་དང་། ཡང་ན་ལ་དྭགས་ས་གནས་བྱང་ཐང་གི་འབྲོག་པ་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་ཡང་ནས་བསྐྱར་དུ་རྩོད་གླེང་ཡོང་གི་ཡོད་པ་དང་། ད་ཆ་ལ་དྭགས་ཕྱོགས་ཀྱི་འབྲོག་ས་མང་པོར་སྔོན་སྒོ་ཕྱུགས་འཚོ་བཞིན་ཡོད་སར་ད་ཆ་རྒྱ་ནག་གི་མཐའ་སྲུང་དམག་མིས་འགོག་ཐབས་བྱེད་བཞིན་པ་རེད་འདུག

Kakjung area Ladakh (3).jpg
ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་འཐུས་ཡེ་ཤེས་དཔལ་བཟང་ལགས་ཀྱིས་མུ་མཐུད་དུ་གསུངས་ན། ལ་དྭགས་མཐའ་མཚམས་ཀྱི་འབྲོག་པ་རྣམས་ས་མཚམས་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན་པ་དང་། ས་མཚམས་ཀྱི་འབྲོག་པ་རྣམས་ནི་རྒྱལ་ཁབ་ཀྱི་ས་མཚམས་སྲུང་མཁན་ཡུལ་མི་དམིགས་བསལ་བ་ཡིན་དུས་ཁོང་རྣམས་ཀྱི་དཀའ་ངལ་ལ་གཞུང་ཕྱོགས་ནས་དོ་སྣང་གིས་གཟིགས་རྟོགས་གནང་དགོས་པ་གལ་ཆེན་ཡིན་པ་གསུངས་བྱུང་།
གནད་དོན་དེ་དང་འབྲེལ་རྒྱ་ནག་ཉམས་ཞིབ་པ་(Aadil Brar)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་གསུངས་ན། དེ་ལྟ་བུའི་གནད་དོན་ནི་འདས་པའི་ལོ་ཤས་ནང་ཐེངས་མང་བྱུང་ཡོད་ལ། རྒྱ་ནག་གི་དམག་མིའི་ངོས་ནས་(Demchok)་དང་ཉེ་བའི་ས་གནས་ཀྱི་འབྲོག་པ་རྣམས་ལ་བཀག་འགོག་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ལ་ཞལ་པར་བརྒྱུད་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་ཀྱང་། འདི་ཚེས་༣༡རེས་གཟའ་ཕུར་བའི་ཉིན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་གནད་དོན་དེའི་སྐོར་དྲི་བ་ཡོད་ན་སྐབས་དེ་དུས་ལན་འདེབས་གནང་གི་ཡིན་ཞེས་གསུངས་བྱུང་།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎