ལ་དྭགས་དུད་ཅིག་འབྲོག་སར་རིམས་ནད་བྱུང་ནས་ར་ལུག་སེམས་ཅན་བརྒྱ་ཕྲག་མང་པོ་ཤི་འདུག

2021-07-26
Share
ལ་དྭགས་དུད་ཅིག་འབྲོག་སར་རིམས་ནད་བྱུང་ནས་ར་ལུག་སེམས་ཅན་བརྒྱ་ཕྲག་མང་པོ་ཤི་འདུག ལ་དྭགས་དུད་ཅིག་འབྲོག་སར་རིམས་ནད་བྱུང་ནས་ར་ལུག་སེམས་ཅན་བརྒྱ་ཕྲག་མང་པོ་ཤི་ཡོད་པ། ༧།༢༡
མཐུན་འགྱུར་པར་རིས།/RFA

རྒྱ་གར་བྱང་ཕྱོགས་ལ་དྭགས་སླེ་དང་ཐག་ཉེ་དུད་ཅིག་ཟེར་བའི་ས་གནས་ཀྱི་བོད་མིའི་འབྲོག་པའི་སྒོ་ཕྱུགས་སེམས་ཅན་ལ་ཁ་ཚ་རྨིག་ཚ་ཞེས་བའི་རིམས་ནད་ཞིག་འགོས་ཁྱབ་བྱུང་ནས་ར་ལུག་བརྒྱ་ཕྲག་མང་པོ་ཤི་འདུག
གནས་ཚུལ་ལྟར་ན། རིམས་ནད་ཁྲོད་ཤི་བ་མང་ཤོས་ར་ཡིན་འདུག་ཅིང་། དུད་ཅིག་ཟེར་བའི་འབྲོག་པའི་ཁྱིམ་ཚང་༩་ཙམ་གྱིས་གཙོ་བོ་སེམས་ཅན་ར་ལུག་ལ་བརྟེན་ནས་འཚོ་རྟེན་བྱེད་བཞིན་པ་དང་། ད་རེས་གློ་བུར་སྤྱི་ཟླ་བདུན་པའི་ནང་རིམས་ནད་ཀྱིས་སེམས་ཅན་མང་པོ་ཤི་སྐྱོན་བྱུང་ནས་འབྲོག་ཁྱིམ་དེ་ཚོར་གྱོང་གུད་ཆེན་པོ་ཐེབས་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གོད་ཆགས་ཐེབས་ཡུལ་གྱི་གནས་ཚུལ་རྒྱུས་ལོན་ཆེད་སྒྲོལ་མ་ལྷ་མོ་ལགས་སུ་བཅར་འདྲིའི་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༧་པའི་ཚེས་༣་ཙམ་ནས་ལ་དྭགས་སླེ་དུད་ཅིག་འབྲོག་པའི་ས་ཁུལ་དུ་རིམས་ནད་འགོས་ཁྱབ་ཀྱི་རྐྱེན་ཁྱོན་བསྡོམས་ར་ལུག་༩༣༧་ཙམ་ཤི་སྐྱོན་བྱུང་བ་ཚོད་དཔག་བྱེད་བཞིན་པ་དང་། རིམས་ནད་དེ་ཤེས་མ་ཐག་སྨན་པ་སྐད་བཏང་ནས་བཅོས་ཐབས་བྱས་འདུག་ཀྱང་ཕན་མ་ཐོགས་པར་ར་ལུག་ཤི་བ་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་ཡོད་པ་རེད་འདུག
གོང་ཞུས་གནས་ཚུལ་མཁོ་སྤྲོད་མཁན་སྒྲོལ་མ་ལྷ་མོ་ལགས་གོད་ཆགས་ཐེབས་ཡུལ་དེར་ཆེད་དུ་བརྟག་དཔྱད་དང་བརྙན་ལེན་པར་ཕྱིན་ཡོད་པ་དང་། རིམས་ནད་འགོས་བའི་སེམས་ཅན་དེ་དག་གི་ཁའི་ནང་རྨ་ཡོད་པ་དང་། རྐང་མཐིལ་ལ་འབུ་རྒྱབ་པ། གྲོད་ཁོག་སྐྲངས་ནས་དབུགས་ཆད་བཞིན་པ་སོགས་ཀྱི་ནད་རྟགས་ཡོད་པ་དང་། ལ་དྭགས་ཀྱི་འབྲེལ་ཡོད་ཚན་པས་སྨན་བཅོས་སོགས་རོགས་རམ་བྱེད་བཞིན་ཡོད་ཀྱང་ཕན་ཐོགས་ཡོང་གི་མེད་པ་མ་ཟད། ཉིན་རེ་བཞིན་ར་ལུག་སེམས་ཅན་ཤི་བའི་གྲངས་ཀ་ལ་བལྟས་པ་ཡིན་ན་འབྲོག་པ་ཚོའི་འཚོ་བར་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པ་བརྗོད་བྱུང་།

ladakh (2).JPG

བརྟག་དཔྱད་རྗེས་འབྲེལ་ཡོད་སྨན་པས་རིམས་ནད་དེ་ནི་(foot and Mouth disease)་འམ་ཁ་ཚ་རྨིག་ཚ་ཞེས་པའི་དུད་འགྲོའི་ཁ་དང་རྐང་ལག་ལ་འགོས་སླ་བའི་ནད་ཡམས་རིགས་གཅིག་ཡིན་པ་བརྗོད་ཡོད་འདུག
ནད་ཡམས་དེ་འགོག་མ་ཐུབ་པར་གནས་སྟངས་ཇེ་སྡུག་ཡིན་པར་བརྟེན་ལ་དྭགས་ཀྱི་འབྲེལ་ཡོད་ཚན་པས་ར་ལུག་ག་ཚོད་ཤི་བའི་གྲངས་ཐོ་ལེན་བཞིན་པ་དང་། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་འགོ་འཛིན་དང་ས་གནས་གྲོས་ཚོགས་འཐུས་མི་བཅས་གོད་ཆགས་ཐེབས་ཡུལ་དུ་ཕེབས་ནས་དོ་སྣང་གནང་བ་དང་། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་ལ་གནས་སྟངས་ཁག་ཡར་ཞུ་བྱེད་འཆར་ཡོད་ཚོད་འདུག
བརྙན་ཐུང་ནང་འབྲོག་པ་ཞིག་གིས་ནད་ཡམས་དེ་ཐོག་མར་ལུག་ཚེ་ཐར་བཏང་བའི་ལུག་ཁྱུ་ཞིག་ཡོད་པ་དེའི་ཁྲོད་ནས་ཁྱབ་ཡོང་བ་ཡིན་ཚུལ་དང་དེ་ནས་རིམ་བཞིན་ཁྱབ་གདལ་སོང་བ་བརྗོད་བཞིན་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།