བཀྲ་ཤིས་དབང་ཕྱུག་ལགས་ཐོག་མ་ཉིད་ནས་བཙོན་དུ་འཇུག་དགོས་དོན་རྩ་བ་ནས་མེད་པ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་གསུངས་འདུག

2021.01.28
Share on WhatsApp
Share on WhatsApp
བཀྲ་ཤིས་དབང་ཕྱུག་ལགས་ཐོག་མ་ཉིད་ནས་བཙོན་དུ་འཇུག་དགོས་དོན་རྩ་བ་ནས་མེད་པ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་གསུངས་འདུག བཀྲིས་དབང་ཕྱུག་ཐོག། རྒྱ་ནག་གཞུང་གིས་མུ་འཐུད་དམ་དྲག་བྱེད་མི་རུང་།
སྒྲིག་བཟོ། ནོར་སྡེ།

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྤེལ་བར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལོ་ལྔ་བཙོན་བཅུག་བྱས་རྗེས་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་གློད་གྲོལ་བཏང་ཡོད་པ་རེད། ཨ་རིའི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་ངོ་བོ་མཚོན་པའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཆེས་མཐོའི་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམསི་མེཀ་གྷོ་ཝརན་ James McGovern ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཀོ་རུ་སྦི་ཡོ་ Marco Rubio ལགས་རྣམ་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསལ་བཤད་གནང་བའི་ནང་། བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་ལས་དོན་སྤེལ་བ་ཙམ་གྱིས་ཁོང་ལོ་ལྔའི་རིང་འཛིན་བཟུང་བཙོན་བཅུག་བྱས་ཤིང་། ཐོག་མ་ཉིད་ནས་ཁོང་ཉིན་གྲངས་གཅིག་ཀྱང་བཙོན་ཁང་དུ་འཇུག་དགོས་དོན་མེད་པ་རེད་ཅེས་དང་། ང་ཚོས་བཀྲ་ཤིས་དབང་ཕྱུག་གི་གནས་བབ་ཐོག་མུ་མཐུད་ལྟ་རྟོག་བྱེད་རྒྱུ་ཡིན་ལ། ད་ཆ་ཁོང་གློད་གྲོལ་ཟིན་སྟབས། རྒྱ་ནག་གཞུང་གི་ངོས་ནས་ཁོང་གི་ཐོག་བཀལ་བའི་དམ་དྲག་ཡོངས་རྫོགས་ཕྱིར་བསྡུ་དགོས་པའི་དགོས་འདུན་འདོན་རྒྱུ་ནན་བརྗོད་གནང་ཡོད། ཡང་རྒྱ་ནག་གཞུང་གིས་སྐད་གཉིས་སྲིད་བྱུས་ཟེར་བ་ལག་བསྟར་གྱིས་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཚན་ཁག་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་ཐོག་སློབ་ཁྲིད་བྱ་རྒྱུའི་ཐད་མུ་མཐུད་ཐུགས་འཚབ་ཡོད་པ་གསུངས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་གི་ས་གནས་ཀྱི་ཁྲིམས་འཛིན་ལས་ཁང་གི་མི་སྣས་བཀྲ་ཤིས་དབང་ཕྱུག་ལགས་སྒ་སྐྱེ་རྒུ་མདོར་བསྐྱལ་ཏེ་བཙོན་གྲོལ་བཏང་ཡོད་པ་ཁོང་གི་ཁྲིམས་རྩོད་པ་ལིཡང་ཞའོ་ཅུན་ (Liang Xiaojun) གྱི་ཊུ་ཊར་དྲ་རྒྱའི་ཐོག་ཕྱི་ཚེས་ ༢༨ ཉིན་གནས་ཚུལ་སྤེལ་འདུག་པ་དེའི་ནང་། ད་ལྟའི་འཆར་བཀྲ་ཤིས་དབང་ཕྱུག་ལགས་ཁོང་གི་གཅེན་མོ་གཉིས་པའི་ཁྱིམ་དུ་ཡོད་པ་དང་། ཁོང་གི་ནང་མིས་ཁོང་གི་སྐུ་གཟུགས་གནས་སྟངས་ཡག་པོ་ཡོད་ཚུལ་བརྗོད་ལུགས་བཀོད་པ་ལས། ཁྲིམས་རྩོད་པ་ལིཡང་ཞའོ་ཅུན་ལ་བཀྲ་ཤིས་དབང་ཕྱུག་ལགས་ཁྱིམ་དུ་འབྱོར་ཟིན་པའི་འདྲ་པར་མ་ཐོབ་པ་དང་། ཁོང་གི་ནང་མི་དང་ཡང་ཐད་ཀར་འབྲེལ་བ་མ་བྱུང་སྟབས། བཀྲ་ཤིས་དབང་ཕྱུག་ལགས་སུ་རང་དབང་ཆ་ཚང་ཡོད་མེད་ཤེས་རྟོགས་མ་བྱུང་ཞེས་བཀོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཐོག་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཙུགས་པའི་གྱོད་གཞི་གཙོ་བོ་ནི། ཁོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་དང་འབྲེལ་བའི་སྐོར་ཨ་རིའི་ནིའུ་ཡོག་དུས་དེབ་གསར་ཁང་གི་བཅར་འདྲིར་ལན་འདེབས་བྱས་པ་དེ་ཡིན་སྟབས། ཕྱི་ཚེས་ ༢༨ ཉིན་ཁོང་གློད་གྲོལ་བྱུང་བའི་གནས་ཚུལ་ཐོན་རྗེས། ནིའུ་ཡོག་དུས་དེབ་གསར་ཁང་གིས་འབྲེལ་མཐུད་གཙོ་འཛིན་གཞོན་པ་ཌེ་ནིཡལ་རོཌསི་ཧ་ Danielle Rhoades Ha ལགས་ཀྱིས། བཀྲ་ཤིས་དབང་ཕྱུག་ལགས་ལོ་ལྔའི་རིང་བཙོན་བཅུག་བྱས་རྗེས་གློད་གྲོལ་བྱུང་བར་དགའ་པོ་བྱུང་ཞེས་དང་། འོན་ཀྱང་བཀྲ་ཤིས་དབང་ཕྱུག་བཙོན་འཇུག་བྱས་པ་དེ་ནི་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོའི་ཁ་བཀག་པ་དང་། རང་དབང་གི་སྒོ་ནས་གནས་ཚུལ་འགྲོ་རྒྱུག་ལ་འགོག་རྐྱེན་བཟོས་པ། མདོར་ན་རྒྱ་ནག་མི་མང་ཚོར་གནས་ཚུལ་ཤེས་རྟོགས་མེད་པ་བཟོས་པ་ཞིག་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་ཡིག་ཐོག་གསལ་བཤད་གནང་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་བཙོན་དུ་ཚུད་པའི་གནད་དོན་ཐད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རིས་གཙོས་པའི་སྲིད་གཞུང་ཁག་གཅིག་དང་གྲོས་ཚོགས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། བོད་མིའི་བདེན་དོན་འཐབ་རྩོད་པའི་སྒྲིག་འཛུགས་སོགས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། ཁོང་གློད་གྲོལ་ཡོང་ཐབས་ཐད་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་རེད། ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆརཌ་སོན་ Sophie Richardson ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བཀྲ་ཤིས་དབང་ཕྱུག་གློད་གྲོལ་བཏང་བ་དེ་གཏམ་བཟང་ཞིག་རེད་ཅེས་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་དགོས་འདུན་ཞི་བའི་སྒོ་ནས་བཏོན་པ་དེ་ནི་རྒྱ་ནག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་སྲུང་སྐྱོང་དང་མཐུན་པ་ཞིག་ཡིན་སྟབས། ཆུ་ཚོད་སྐར་མ་གཅིག་ཀྱང་བཙོན་དུ་ཚུད་དགོས་དོན་མེད་པ་གསུངས་ཡོད་པ་རེད།

ཡང་པེན་ཨ་མེ་རི་ཀའམ་སྨྱུ་གུ་ཞེས་པའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཨ་རིའི་སྐུ་ཚབ་འཇེམསི་ཊེ་གྷར་ James Tager ལགས་ཀྱིས་ཀྱང་། བཀྲ་ཤིས་དབང་ཕྱུག་གློད་གྲོལ་བྱུང་བ་ནི་དགའ་ཚོར་ཆེན་པོ་བྱེད་འོས་པ་ཞིག་རེད། འོན་ཀྱང་གནད་དོན་འདི་བཀྲ་ཤིས་དབང་ཕྱུག་ལགས་དོ་བདག་རང་ཉིད་ཀྱི་ཐོག་ནས་ང་ཚོས་གོ་རྟོགས་བྱུང་མེད། ལྷག་པར་དུ་འབྱུང་འགྱུར་གྱི་ལོ་འགའ་ཤས་རིང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་འོག་མུ་མཐུད་གནས་དགོས་པ་ཆགས་རྒྱུ་མ་ཟད། ད་དུང་ཁོང་ལྟ་སྲུང་ནན་པོའི་འོག་འཇོག་རྒྱུར་ངེས་པ་ཚོད་དཔག་ཐུབ་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་དང་ཡོ་རོབ་ནང་གི་གཞུང་དང་གྲོས་ཚོགས་བཅས་སུ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཐོག་རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་གནད་དོན་ཐད་ཞུ་གཏུགས་ཀྱི་ལས་དོན་སྣ་ཚོགས་སྤེལ་ཡོད་ཅིང་། ཕྱི་ཚེས་ ༢༨ ཉིན་ཁོང་གློད་གྲོལ་བྱུང་རྗེས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་འདི་ནི་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་དྲག་ཤུགས་ཆེའི་འོག་ཁོང་ཚོའི་ཁྲིམས་ཀྱི་ཐོབ་ཐང་འཕྲོག་པ་དང་། གཞི་རྩའི་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་པ་ཙམ་གྱིས་བོད་མིའི་ཐོག་དྲག་གནོན་ཇི་ཙམ་བྱེད་མིན་གྱི་མཚོན་རྟགས་གསལ་ཤོས་ཤིག་རེད་ཅེས་དང་། ད་ཆ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་བཏང་ཟིན་ཡང་སུ་ཞིག་གིས་འདི་ནི་རྒྱལ་ཁའི་རང་བཞིན་ཞིག་ཏུ་ངོས་བཟུང་རྒྱུ་མེད་བརྗོད་པ་དང་སྦྲགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་ཀྱི་བཙོན་པ་ཚོའི་ཐོག་སྡུག་རྩུབ་མནར་གཅོད་གཏོང་བཞིན་པའི་གནད་དོན་ཐད་རྒྱ་ནག་ལ་མུ་མཐུད་སྐྱོན་བརྗོད་དང་བོད་མིའི་གཞི་རྩའི་རང་དབང་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་དགོས་པ་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎