ནོ་བེལ་གཟེངས་རྟཊ་བཞེས་མཁན་ལེའུ་ཞའོ་བོ། ༡༩༥༥-༢༠༡༧
2017.07.13
ཕྱི་ལོ་༢༠༡༠་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཞའོ་བོ་ཕྱི་ཟླ་ ༧ ཚེས་ ༡༣་ཉིན་སྨན་ཁང་ནང་འདས་གྲོངས་སུ་གྱུར་འདུག
དེ་ཡང་རྒྱ་ནག་བྱང་ཤར་ཧྲེན་ཡང་གྲོང་ཁྱེར་སྲིད་གཞུང་གི་ཁྲིམས་འཛིན་ཚན་པའི་དྲ་ཚིག་བརྒྱུད་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་བྱས་བ་ལྟར་ན། ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དང་། དམངས་གཙོ་དོན་གཉེར་བ་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མ་མཐུན་པའི་དབང་གིས་སྤྱི་ལོ་༢༠༠༩་ནས་ལོ་༡༡རིང་བཙོན་འཇུག་འོག་ཡོད་པ་སྐུ་ཞབས་ལིའུ་ཞའོ་བོ་ལགས་འདི་ཚེས་༡༣་ཉིན་སྨན་ཁང་ནང་འདས་གྲོངས་སུ་གྱུར་འདུག
ལིའུ་ཞའོ་བོ་ལ་འདི་ལོའི་ཕྱི་ཟླ་ལྔ་པ་ཙམ་གྱི་ནང་ནས་གསོ་ཐབས་དཀའ་བའི་མཆིན་པའི་འབྲས་སྐྲན་གྱི་ནད་གཞི་ཡོད་པ་ཤེས་རྟོགས་བྱུང་ཞིང་། བཙོན་ཁང་ནས་ཧྲན་ཡང་གྲོང་ཁྱེར་ནང་གི་རྒྱ་ནག་གསོ་རིག་སློབ་གྲྭ་ཆེ་བའི་ཁོངས་ཀྱི་སྨན་ཁང་ཨང་དང་པོ་ཞེས་པ་དེའི་ནང་ཛ་དྲག་སྨན་བཅོས་ཆེད་སྤོར་ཡོད་པ་རེད།
ཇར་མན་དང་ཨ་རི་སོགས་ནས་མཆིན་པའི་འབྲས་སྐྲན་གྱི་ཆེད་ལས་སྨན་པས་ལིའུ་ཞའོ་བོ་སྨན་བཅོས་ཆེད་སླེབས་ཡོད་ན་ཡང་། ཁོང་གི་གཟུགས་གཞིའི་གནས་བབས་ཇེ་སྡུག་ཏུ་སོང་ཞིང་། ཕྱི་ཟླ་ ༧ ཚེས་ ༡༢ ཉིན་སྨན་ཁང་གིས་ལིའུ་ཞོ་པོ་དབུགས་གཏོང་ལེན་མི་ཐུབ་པ་དང་། མཁལ་མ་དང་མཆིན་པ་སོགས་ནང་ཁྲོལ་དབང་པོ་ཕལ་ཆེ་བའི་བྱེད་ལས་ཉམས་ཚར་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་སྐུ་ཞབས་ལིའུ་ཞའོ་བོ་ལགས་དང་ཁོང་གི་བཟའ་ཟླ་Liu Xia་གཉིས་ཀྱི་འདོད་པ་བཞིན་ཕྱི་རྒྱལ་ལ་སྨན་བཅོས་ཀྱི་ཆེད་དུ་འགྲོ་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ལན་མང་འབོད་སྐུལ་ཞུས་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་བར་ཆོག་མཆན་སྤྲད་མེད་པ་རེད།
ལིའུ་ཞོ་པོ་ནི་ད་ལོ་ལོ་ན་ ༦༡ ཡིན་པ་དང་། སྤྱི་ལོ་༢༠༠༩་ལོའི་ཟླ་༡༢་ཚེས་༢༣་ཉིན་རྒྱལ་ཁབ་ཀྱི་སྲིད་དབང་ལ་ངན་སྐུལ་དང་། མགོ་རྟིང་སློག་པའི་ནག་ཉེས་འོག་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཨང་དང་པོ་ནས་ལོ་ངོ་༡༡་གི་ཁྲིམས་ཆད་བཏང་ཡོད་པ་རེད། དེའི་ལོ་ཕྱི་མ་ ༢༠༡༠ ལོར་ཁོང་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།