ཆབ་སྲིད་བཙོན་པ་བློ་བཟང་ཡེ་ཤེས་ལགས་ལྷ་སར་སྐུ་གྲོངས་འདུག

རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གནང་མཁན་བློ་བཟང་ཡེ་ཤེས་ལགས་ལྷ་སར་སྨན་ཁང་ཞིག་ཏུ་སྐུ་གྲོངས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། སྤྱི་ལོ་༢༠༡༤་ལོར་རྒྱ་ནག་གཞུང་གིས་རྒྱལ་མོི་རྔུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གཞིར་ངོ་རྒོལ་བྱེད་ཆེད། ཁམས་ཚ་བ་མཛོ་སྒང་རྫོང་གི་སྟོང་འབར་ཡུལ་ཚོིའི་ཡུལ་མིས་ངོ་རྒོལ་བྱས་པར་སྐབས་དེར་བློ་བཟང་ཡེ་ཤེས་ལགས་སོགས་མི་སྣ་འགས་ངོ་རྒོལ་སྣེ་ཁྲིད་བྱས་པ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ལྷ་སའི་ཆུ་ཤུལ་ཁུལ་དུ་ཡོད་པའི་བཙོན་ཁང་དུ་དོ་དམ་བཙོན་འཇུག་བྱེད་བཞིན་པའི་མུར་ཡུན་རིང་ནད་མནར་གྱིིས་ཛ་དྲག་འོག་སྤྱི་ལོ༢༠༡༥་ལོའི་ཟླ་༧ཚེས་༡༩ཉིན་ལྷ་སའི་སྨན་ཁང་ཞིག་ཏུ་གློ་བུར་སྐུ་གྲོངས་པ་དང་། རྒྱ་ནག་གཞུང་གིས་དམ་པ་ཁོིང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་མེད་པ་མ་ཟད། སྐུ་ཕུང་གི་འགྲམ་དུ་ནང་མི་སྤུན་མཆེད་ཀྱང་འགྲོ་རུ་བཅུག་མེད་པ་དང་། སྤུན་མཆེད་ཚོས་རེ་སྐུལ་བྱས་པ་བརྒྱུད་སྐུ་ཕུང་འགྲམ་དུ་བསྔོ་སྨོན་བྱེད་པར་གྲ་པ་གཅིག་རང་གཏོགས་བཏང་མེད་ཁར་སྐུ་ཕུང་ཞུགས་འབུལ་སྐབས་སྤུན་མཆེད་གཉིས་མ་གཏོགས་ཡོང་མི་ཆོག་པའི་བཙན་བཀའ་ཡང་བཏང་འདུག
ཡང་དེའི་ཐད་ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་དོན། བློ་བཟང་ཡེ་ཤེས་ལགས་སོགས། མི་རྒན་པ་འགའི་སྣེ་ཁྲིད་འོག་སྟོང་འབར་ཡུལ་ཚོའི་བོད་མི་རྒན་གཞོན་བར་གསུམ་གྱིས་ངོ་རྒོལ་མུ་མཐུད་གནང་སྐབས། ཆབ་མདོ་ཁུལ་དང་མཛོ་སྒང་རྫོང་སོགས་ནས་ཉེན་རྟོག་པ་དང་དམག་མི་ཡོང་ནས་འཇིགས་སྐུལ་བྱས་ཀྱང་ཡུལ་མི་ཚོས་དང་ལེན་མ་བྱས་སྟབས། ཁུལ་དང་རྫོང་སོགས་ཀྱི་དཔོན་རིགས་འགའ་འབྱོར་ཏེ་ནང་འགྲིག་བྱེད་དགོས་ཞེས་བཤད་དེ་གྲོང་མི་རྣམས་སོ་སོའི་ནང་ལ་ལོག་བཅུག་རྗེས། ཕྱི་ཚེས་༡༢ཉིན་སྡེ་དཔོན་སོགས་མི་བདུན་ཙམ་མཛོ་སྒང་རྫོང་དུ་བཙན་ཁྲིད་ཀྱིས་ལོ་གཅིག་མ་ཟིན་ཙམ་གྱི་རིང་འདྲི་རྩད་བཀག་ཉར་དང་། ཉེས་རྡུང་ཚད་མེད་བཏང་བ་སོགས་དཀའ་ངལ་བཟོད་མཐའ་བྲལ་བ་བཟོས་འདུག་པ་འཁོད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།