བོད་ཀྱི་སྨན་དང་རྩིས་དེ་མི་ལོ་༦༡རིང་སྨན་རྩིས་ཁང་གིས་རྒྱུན་འཛིན་གནང་ཐུབ་ཡོད་ཟེར།

2022.03.23
བོད་ཀྱི་སྨན་དང་རྩིས་དེ་མི་ལོ་༦༡རིང་སྨན་རྩིས་ཁང་གིས་རྒྱུན་འཛིན་གནང་ཐུབ་ཡོད་ཟེར། བོད་ཀྱི་སྨན་རྩིས་ཁང་གི་མཛད་སྒོའི་སྐབས། ༠༣།༢༣།༢༠༢༢
RFA/Dhasa

༧རྒྱལ་མཆོག་སྐུ་ཕྲེང་༡༣ཆེན་པོ་མཆོག་གིས་བོད་ནང་ལྷ་སའི་ལྕགས་པོ་རི་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་ཧྲིལ་བོ་༡༠༦འཁོར་བ་དང་། ༧རྒྱལ་མཆོག་སྐུ་ཕྲེང་༡༤ཆེན་པོ་མཆོག་གིས།
རྒྱ་གར་རྡ་རམ་ས་ལར་བྱེས་ཀྱི་སྨན་རྩིས་ཁང་བཙུགས་ནས་ད་བར་ལོ་ངོ་ཧྲིལ་བོ་༦༡འཁོར་བའི་དགའ་སྟོན་དེ་ལོ་རེ་འཆར་ཅན་ལྟར། སྤྱི་ཟླ་༣པའི་ཚེས་༢༣ཉིན་བཞུགས་སྒར་སྨན་རྩིས་ཁང་གི་ཚོགས་ཁང་དུ་མཛད་སྒོ་གནང་ཡོད་པ་དང་། སྐབས་དེར་དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས། ༧གོང་ས་མཆོག་གིས་ནམ་རྒྱུན་བཀའ་སློབ་གནང་བཞིན་པ་ལྟར། སྨན་ཁང་ནི་སྤྲོ་སྐྱིད་གཏོང་ས་དང་ཡུལ་སྐོར་དུ་ཡོང་ས་ལྟ་བུ་མིན་པར། ལུས་འཚོ་ཐབས་སུ་མི་ཚོ་ཨུ་ཐུག་ནས་སྨན་ཁང་དུ་ཡོང་སྐབས། ནད་པའི་སེམས་ཁམས་དང་བསྟུན་པའི་ཐོག་སྨན་རྩིས་ཁང་གི་ངོས་ནས་ཕན་སེམས་དང་བྱམས་བརྩེའི་སྒོ་ནས་གཞན་ལ་ཕན་བདེ་སྒྲུབ་རྒྱུ་གལ་ཆེ་ཡིན་པ་གསུངས་ཡོད་པ་རེད།
གཞན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། བོད་ཀྱི་གསོ་བ་རིག་པའི་བསྟན་པ་དར་བར་སྨན་རྩིས་ཁང་གི་མི་རེ་ངོ་རེ་ནས་འགན་ཁུར་བླངས་ཏེ། ལས་བྱེད་པ་ནང་ཁུལ་མཐུན་ལམ་གོང་འཕེལ་ཐོག་སྨན་རྩིས་ཀྱི་བསྟན་པ་དར་སྤེལ་གནང་ཐབས་དགོས་པ་དང་། གསོ་རིག་གི་བསྟན་པ་རྒྱས་ན་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡོད་པའི་ལས་དོན་རླབས་ཆེན་ཡིན་པ་ལམ་སྟོན་གནང་ཡོད་པ་རེད།
བཞུགས་སྒར་སྨན་རྩིས་ཁང་གི་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས། སྨན་རྩིས་ཁང་ནི་རིག་གཞུང་གི་ལྟེ་གནས་གལ་ཆེན་ཞིག་བརྩིས་བསྡད་ཡོད་ཅིང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད། སྐད་ཡིག་རྒྱུན་འཛིན་པ་སློབ་གྲྭ་ཁག་དང་། ཆོས་ལུགས་རྒྱུན་འཛིན་པ་དགོན་སྡེ་ཁག་ཡིན་པ་ལྟར། སྨན་དང་རྩིས་དེ་འདས་པའི་མི་ལོ་༦༡རིང་སྨན་རྩིས་ཁང་གིས་རྒྱུན་འཛིན་གནང་ཐུབ་ཡོད་པས། བོད་མིའི་ངོ་བོ་མི་བརླག་པ་དང་སྨན་རྩིས་ཀྱི་བསྟན་པ་ལ་ཧ་ཅང་གལ་གནད་ཆགས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མཛད་སྒོའི་ཐོག་སྨན་རྩིས་ཁང་གི་སློབ་ཕྲུག་ཚོས་ཞབས་གཞས་གཟིགས་འབུལ་དང་། སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ཧྲིལ་བོ་༢༠དང་༣༠འཁོར་བ་དང་སློབ་ཕྲུག་སྐར་གྲངས་གཟེངས་ཐོན་པ་ཚོར་གཟིགས་གསོལ་ཕྱག་ཁྱེར། དབྱིན་ཡིག་དང་བོད་ཡིག་གི་ལམ་ནས་བྲིས་པའི་སྨན་རྩིས་ཁང་གི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་ཡོད་པ་རེད།
བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་སྨན་རྩིས་ཁང་ནི། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་ཐབས་མཁས་ཐུགས་རྗེ་ལ་བརྟེན་ནས། ༧སྐུའི་བླ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་དང་དུས་འཁོར་བ་བློ་བཟང་རྒྱ་མཚོ་སོགས་འབོད་འགུག་གནང་སྟེ། རྒྱ་གར་རྡ་རམ་ས་ལར་སྤྱི་ལོ་༡༩༦༡ལོར་གསར་འཛུགས་གནང་བ་ནས་བཟུང་། ཕྱི་ནང་གི་རྒྱལ་ཁབ་ཁག་མང་པོར་བོད་སྨན་གྱི་སྨན་པ་དང་རྩིས་པ་བཅས་མང་པོ་གསོ་སྐྱོང་གནང་ཡོད་པའི་ཁར། ད་ལྟ་རྒྱ་གར་དང་བལ་བོ་རྒྱལ་ཁབ་སོགས་ཀྱི་ནང་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་༦༥ལྷག་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎