བོད་ཀྱི་སྨན་པ་དང་རྩིས་པ་ཚོས་ཐེ་ཝན་དུ་བསྐོར་བསྐྱོད་གནང་བ།

2016-11-15
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་རྩིས་པ་ཚོས་ཐེ་ཝན་དུ་བསྐོར་བསྐྱོད་སྐབས། ༢༠༡༦།༡༡
བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་རྩིས་པ་ཚོས་ཐེ་ཝན་དུ་བསྐོར་བསྐྱོད་སྐབས། ༢༠༡༦།༡༡
tibet.net

བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་རྩིས་པ་ཚོས་ཐེ་ཝན་དུ་བསྐོར་བསྐྱོད་ཀྱི་ལས་རིམ་ལ་ཐེ་ཝན་ནང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༡༦་ལོ་འདི་བཞིན་སྤྱིར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་སར་བོད་ཀྱི་གསོ་བ་རིག་པའི་སྨན་རྩིས་ཁང་བཙུགས་གནང་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཙན་བྱོལ་ནང་བོད་ཀྱི་སྨན་རྩིས་ཁང་སླར་གསོ་གནང་ནས་ལོ་ངོ་༥༥་འཁོར་བ། དེ་བཞིན་ལྷ་སར་༧གོང་ས་ལྔ་པ་ཆེན་པོས་ལྕོག་པོ་རི་སྨན་ཁང་བཙུགས་གནང་ནས་ལོ་ངོ་སུམ་བརྒྱ་ཉི་ཤུ་འཁོར་བ་བཅས་དུས་ཚིགས་སྲུང་བརྩི་ཞུ་བའི་ཆེད་ལོ་འཁོར་མོ་སྨན་རྩིས་ཁང་ནས་འཛམ་གླིང་ཡུལ་གྲུ་གང་སར་བསྐོར་སྐྱོད་གནང་བཞིན་ཡོད་པ་རེད། ལས་རིམ་དེའི་འོག་ནས་ཟླ་བ་འདིའི་ཚེས་བཅུ་གཅིག་ནས་བཟུང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་གོ་བསྒྲིགས་འོག་རྒྱལ་ས་ཐེ་པེ་དང་གྲོང་ཁྱེར་ཀའོ་ཤིང་། ཏའེ་ཀྲོང་བཅས་པའི་ནང་སྨན་པ་དང་རྩིས་པ་ཁག་ཅིག་ནས་བརྟག་དཔྱད་དང་བོད་སྨན་དང་རྩིས་སྐོར་མང་ཚོགས་ལ་གོ་རྟོག་སྤེལ་གནང་ཡོད་པའི་སྐབས་ཐེ་ཝན་མང་ཚོགས་ནས་དོ་སྣང་ཆེན་པོ་བྱས་ཡོད་འདུག
དེ་ཡང་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ནས་བཅོ་ལྔ་བར་ཐེ་པེ་ནང་སྨན་པ་བསྟན་འཛིན་མཐའ་ཡས་ལགས་དང་། རྩིས་པ་སྨོན་ལམ་ཡེ་ཤེས་ལགས། བསོད་ནམས་དབྱངས་སྐྱིད་ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་གཉིས་བཅས་ནས་མང་ཚོགས་འདུ་འཛོམས་ཐོག་བོད་སྨན་དང་རྩིས་སྐོར་འགྲེམས་སྟོན་དང་འབྲེལ་བརྟག་དཔྱད་དང་གོ་རྟོག་སྤེལ་གནང་འདུག ཡང་གོ་བསྒྲིགས་ཞུ་ཡུལ་གྱི་འབྲེལ་ཡོད་Chang Chi-Chong་གྱིས། འགྲེམས་སྟོན་དང་གསུང་བཤད་གནང་བའི་རིང་མང་ཚོགས་ནས་ཧ་ཅང་དོ་སྣང་བྱས་པ་མ་ཟད། སྔོན་ཚུད་ནས་དུས་ཚོད་བཟོས་ནས་བརྟག་དཔྱད་བྱེད་མཁན་བྱུང་སོང་ཞེས་འགྲེལ་བརྗོད་གནང་འདུག་པ་བཅས་ཁོང་རྣམས་ནས་ཚེས་ཉི་ཤུ་བདུན་བར་ཐེ་ཝན་གྱི་གྲོང་ཁྱེར་ཁག་ཅིག་ལ་བསྐོར་བསྐྱོད་གནང་རྒྱུ་ཡིན་འདུག     

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།