དབུ་མའི་ལམ་ལ་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་།


2014.06.06
Share on WhatsApp
Share on WhatsApp
དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་ཐབས་ཀྱི་ཡིག་ཆ་༸གོང་ས་མཆོག་ལ་ཕུལ་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ལས་གཞི་ལ་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་འདུག དེ་ཡང་ཚེས་༥ཉིན་བཞུགས་སྒར་རྡ་རམ་ས་ལར་ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་ལྷན་ཞུགས་ཐོག་ཕྱི་ནང་གི་གསར་འགོད་པ་ཁྱོན་༤༠ བརྒལ་བའི་དབུས་སུ་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་བསྐྱེད་གཏོང་ཆེད་དབུ་མའི་ལམ་དང་འབྲེལ་ཆགས་ཡིག་ཆ་ཁག་གཅིག་དང་། སྐད་ཡིག་འདྲ་མིན་ལས་གྲུབ་པའི་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་ཡོད་པ་ལྟར། ཚེས༦ཉིན་གནས་ཚུལ་དེ་དང་དབུ་མའི་ལམ་གྱི་ནང་དོན་ཁག་ལ་ནེའུ་ཡོག་དུས་བབ་ New York Timesདང་། Washington Post. Wall Street Journal, the Guardian, ABC ལ་སོགས་པའི་ནུབ་ཕྱོག་ཡུལ་ཁག་གི་གསར་ཤོག་ཆེ་གྲས་ཁག་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ཕོ་ཉ། Times of India, NDTV, ཐེ་པེ་དུས་བབTaipei Times ལ་སོགས་པའི་གསར་ལམ་ཁག་གིས་དོ་སྣང་ཆེན་པོས་གནས་ཚུལ་རྒྱ་ཁྱབ་བཀོད་སྤེལ་བྱས་འདུག་པ་ཟད། དཔེར་ན། ཨ་རིའི་Wall Street Journalགསར་ཤོག་གིས། བཙན་བྱོལ་བོད་གཞུང་གིས་རང་སྐྱོང་གི་གནས་བབ་རྩོད་པ་ལས་རང་བཙན་རྩོད་ཀྱི་མེད་པ་ཞེས་གནས་ཚུལ་གྱི་འགོ་བརྗོད་དང་། ཡང་ Washington Post གསར་ཤོག་གིས་བཙན་བྱོལ་བོད་གཞུང་གིས་ཞི་མོལ་གྱི་ལངས་ཕྱོགས་བསྐྱར་ནན་ཞེས་སོགས་འགོ་བརྗོད་དུ་བཀོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2014-06-05

ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས

དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་བསྐྱེད་གཏོང་ཐབས་ཀྱི་ལས་གཞིའི་ཡིག་ཆ་སྤྱན་འབུལ་དང་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་གནང་འདུག དེ་ཡང་ཕྱི་ཟླ་དྲུག་པའི་ཕྱི་ཚེས་༥ཉིན་སྔ་དྲོར༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་གནང་བཞིན་པའི་ཉིན་གཉིས་པའི་གསུང་ཆོས་གྲུབ་མཚམས། བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་མཆོག་ལ་བོད་མིའི་སྒྲིག་འཛུཊ་ཀྱི་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་ཡིག་ཆ་སྤྱན་འབུལ་ཞུས་བ་དང་། དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་དྲུང་ཆེ་རྡོ་རྗེ་ལགས་བཅས་ཀྱིས་བོད་མིའི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་ཐབས་ཀྱི་ལས་གཞི་དང་འབྲེལ་བའི་དྲ་རྒྱ་དབུ་འབྱེད་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད། གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་མཆོག་ནས་བོད་མིའི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་ཐབས་ཀྱི་ལས་གཞི་སྤེལ་དགོས་པའི་དམིགས་ཡུལ་སྐོར་གསུངས་སྐབས། གཙོ་བོ་བོད་པའི་སྤྱི་ཚོགས་ནང་དང་དམིགས་བསལ་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་ཁག་དང་་མཇལ་སྐབས་དབུ་མའི་ལམ་གྱི་སྐོར་མཁྱེན་རྟོགས་ཡོང་མིན་དང་གོ་ནོར་ཐེབས་པ་ཡང་མང་པོ་ཡོང་གི་ཡོད་སྟབས། རྒྱལ་སྤྱིའི་ཐོག་དབུ་མའི་ལམ་གྱི་སྐོར་གསལ་བོ་ཞིག་ཞུ་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པར་མཐོང་བ་དང་། དམིགས་བསལ་རྒྱ་ནག་གཞུང་གིས་སྐུ་ཚབ་དང་ཁོ་རང་ཚོའི་གཞུང་ཚབ་སོགས་བརྒྱུད་དེ་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་དང་མི་མང་ནང་དབུ་མའི་ལམ་གྱི་སྐོར་ལོག་འགྲེལ་བརྒྱབ་ཏེ་གོ་ནོར་ཐེབས་མཁན་མང་པོ་བྱུང་བཞིན་པར་བརྟེན་། ང་ཚོས་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་དང་དྲ་རྒྱ། བརྙན་འཕྲིན། ཡིག་ལམ་བཅས་བརྒྱུད་དེ་རྒྱལ་སྤྱིའི་སྡིངས་ཆ་དང་བོད་པ་ནང་ཁུལ། བོད་དང་རྒྱ་ནག་ནང་ཁུལ་བཅས་སུ་མཁྱེན་རྟོགས་ཡོང་ཆེད་ལས་འགུལ་དེ་སྤེལ་བ་ཞིག་ཡིན་པའི་སྐོར་གསུངས་ཡོད་འདུག དབུ་མའི་ལམ་སྐོར་གྱི་དྲ་རྒྱ་དེ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་གཙོ་བོར་གྱུར་བའི་ཇར་མན་དང་། ཕ་རན་སི། སི་པན་བཅས་ཁྱོན་སྐད་ཡིག་ཁག་བདུན་ཐོག་ནས་དབུ་མའི་ལམ་གྱི་ངོ་སྤྲོད་སྙིང་བསྡུས་དང་། དབུ་མའི་ལམ་སྐོར་གྱི་དྲི་བ་དྲིས་ལན། ཕྱི་ལོ་༡༩༥༩ནས་ད་ལྟའི་བར་གྱི་བྱུང་རིམ་ལོ་ཚིགས་བཅས་གསལ་པོ་གཟིགས་ཐུབ་པའི་མཐུན་རྐྱེན་བསྐྲུན་གནང་ཡོད་འདུག དྲ་རྒྱ་གསར་བ་དེའི་དྲ་བྱང་ནི་www.middlewayapproach.org དང་། www.tibet.net/mwaཡིན་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎