འཛམ་གླིང་ཡོངས་ལ་དམག་དཔུང་དང་སྲིད་དོན་གྱི་རྒྱལ་མཚམས་མེད་པ་ཅིག་ཡོང་བར་ང་ཚོ་ཚང་མར་སྨོན་ལམ་བརྒྱབ་རྒྱུའི་འགན་ཁུར་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་འདི་ཚེས་༡༥་ཉིན་༧གོང་ས་མཆོག་དབུ་ཞུགས་ཐོག་བཞུགས་སྒར་དུ་ཚོགས་བཞིན་པའི་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་ཉིན་བཞི་པར་ཤེས་ཡོན་སློབ་གསོའི་ནང་བྱམས་བརྩེ་དང་བཟང་སྤྱོད་ཀྱི་སྐོར་ལ་ཉམས་ཞིབ་ཀྱི་གྲུབ་དོན་ཐོག་བགྲོ་གླེང་དང་དགོངས་ཚུལ་བརྗེ་རེས་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་འཚོ་གནས་དང་འཚར་ལོངས་བྱུང་སྟངས་དེ་གཞན་གྱི་བརྩེ་བ་ཁོ་ན་ལ་བརྟེན་པ་ལས། གཞན་གྱི་བྱམས་སྐྱོང་མེད་པར་ང་ཚོ་གསོན་གནས་མི་ཐུབ་པ་ནི་མིའི་ལྷན་སྐྱེས་རེད། གཞི་རྩའི་ཆ་ནས་འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པས་དུས་རབས་འབྲེལ་མོལ་གྱི་དུས་རབས་ཞིག་ཡོང་ཐབས་བྱེད་དགོས་ལ་དུས་རབས་འདིའི་ནང་འཛམ་གླིང་ཡོངས་ལ་དམག་དཔུང་དང་སྲིད་དོན་གྱི་རྒྱལ་མཚམས་མེད་པ་ཅིག་ཡོང་བར་ང་ཚོ་ཚང་མར་སྨོན་ལམ་བརྒྱབ་རྒྱུའི་འགན་ཁུར་ཡོད་ཅེས་སོགས་གསུངས་ཡོད་པ་རེད།
བགྲོ་གླེང་སྐབས་ཞིབ་འཇུག་གི་སྙན་ཐོ་སྙན་སྒྲོན་ཞུ་མཁན་མི་སྣ་གཙོ་བོ་གསུམ་ཡོད་པའི་གྲས་ནས་གཅིག་(Penn State) གི་སློབ་དཔོན་(Robert Roeser) ཡིན་པ་དང་། གཞན་གཉིས་ནི་ཧྥ་རན་སི་ནང་པའི་དགེ་བཤེས་(Matthieu
Ricard)དང་། (Colorado) གཙུག་ལག་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པ་དང་ཀླད་རྩའི་སློབ་དཔོན་(Sona Dimidjian) རྣམ་གཉིས་ཡིན་པ་རེད།
ཨ་རིའི་(Penn State) གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་(Robert Roeser) གིས་སྤྱི་ཚོགས་ནང་སྙིང་རྗེ་གོང་འཕེལ་དང་དྲན་པ་ཉེར་བཞག་སྐོར་ཞིབ་འཇུག་གནང་གི་ཡོད་པ་དང་། ཁོང་གིས་ཨ་མི་རི་ཀའི་གཞི་རིམ་སློབ་གྲྭ་ཁག་དང་དེ་མིན་ཤེས་ཡོན་གྱི་བསྟི་གནས་ཁང་ཁག་གི་ནང་སེམས་བདེ་ཐང་གོང་འཕེལ་ཇི་ལྟར་གཏོང་དགོས་མིན་ཐད་ཁྱད་ལས་ཞིབ་འཇུག་གནང་གི་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།
0:00 / 0:00