ཨ་རིས་རྒྱ་ནག་ནི་ཆོས་དད་རང་དབང་ལ་བརྩི་བཀུར་མི་བྱེད་མཁན་སྡུག་ཤོས་ཟེར།


2019.07.17
ཉི་མ་ལྷ་མོ་ལགས་ཨ་རིའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག ༢༠༡༩།༧།༡༧ ཉི་མ་ལྷ་མོ་ལགས་ཨ་རིའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐོག ༢༠༡༩།༧།༡༧
ནོར་སྡེ།/RFA

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ནས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་ཝ་ཊི་ཀན་གྱི་གཞུང་ཚབ་ལྕམ་སྐུ་(Callista Gingrich)་ཁ་ལིསྀ་ཐ་ གྷིངྒ་རིཆྀ་ལགས་ཀྱིས། ཕྱི་ཟླ་ ༧ ་ཚེས་ ༡༧ ་ཉིན་ཕྱི་སྲིད་ལས་ཁུངས་ཀྱིས་འདུ་བསྐོང་གནང་བའི་ཆོས་དད་རང་དབང་དར་སྤེལ་ཆེད་ཀྱི་ཆེས་མཐོའི་ལྷན་ཚོགས་ཐེངས་གཉིས་པའི་ཐོག་སྤྲུལ་སྐུ་བསྟན་འཛིན་རིན་པོ་ཆེ་དམ་པ་དེའི་ཚྭ་མོ་ཉི་མ་ལྷ་མོ་ལགས་ཀྱི་གནས་སྟངས་དང་། བོད་ནང་གི་ཆོས་དད་རང་དབང་གནས་སྟངས་སྐོར་ངོ་སྤྲོད་གནང་སྐབས། རྒྱ་ནག་གཞུང་གིས་བོད་ནང་གྲྭ་བཙུན་རྣམས་ཕྱིར་འབུད་ཀྱིས་གྲྭ་ཤག་གཏོར་བཤིག་བཏང་བ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོག་ལ་ཐེ་བྱུས་བྱེད་ཐབས་བྱེད་བཞིན་པའི་གནས་སྟངས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
ཁོང་གིས་བོད་མིའི་སེམས་ཁམས་སུ་༧གོང་ས་མཆོག་ལ་བརྩི་བཀུར་དང་༧གང་ཉིད་ཀྱི་ཡང་སྲིད་དེ་རྒྱ་ནག་གཞུང་གིས་ཐེ་བྱུས་མེད་པར་བོད་མི་ཚོ་རང་ངོས་ནས་ངོས་འཛིན་ཞུ་རྒྱུ་ཡོད་པ་ཞིག་དགོས་ཀྱི་རེད་ཅེས་གསུངས་་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་(Ambassador Callista Gingrich)ཁ་ལིསྀ་ཐ་ གྷིངྒ་རིཆྀ་ ལགས་ཀྱིས་མུ་འཐུད། འཛམ་གླིང་ནང་ཆོས་དད་རང་དབང་ལ་བརྩི་བཀུར་ཡག་པ་བྱེད་མཁན་གྱི་ཡུལ་ལུང་ཁག་ཏུ་ཡར་རྒྱས་ཕུན་སུམ་ཚོགས་པ་ཡོད་པ་དང་། བདེ་འཇགས། བརྟན་ལྷིང་ཆེ་བ་ཡོད་ནའང་དེ་འདྲའི་ཆོས་དད་རང་དབང་ལ་བརྩི་བཀུར་མི་བྱེད་མཁན་ལྟེ་བོ་གཅིག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་རེད་ཅེས་འབུར་འདོན་གྱི་སྐྱོན་བརྗོད་གནང་བ་དང་། རྒྱ་ནག་གཞུང་གིས་ཆོས་ལུགས་མི་སྣར་བསུན་བཙེར་དང་། སྡང་ཟུག བཙོན་འཇུག་སོགས་ཀྱི་ལས་དོན་རྣམས་གོ་རིམ་ལྡན་པའི་ཐོག་ནས་ལག་བསྟར་བྱེད་པར་མ་ཟད། ཁ་ཆེ་དང་། ཡེ་ཤུ། ནང་པ་བཅས་ཀྱི་གྲངས་ཉུང་མི་རིགས་ཚོའི་ཐོག་དམིགས་བསལ་ལག་བསྟར་བྱེད་ཀྱི་ཡོད་ཅིང་། བོད་ནང་གྲྭ་བཙུན་ཕྱིར་འབུད་བྱེད་ནས་གྲྭ་ཤག་རྣམས་གཏོར་བཤིག་བཏང་པ་དང་། བོད་མི་རྣམས་གནས་བསྐོར་ལ་འགྲོ་མི་བཅུག་པ་སོགས་བྱེད་བཞིན་ཡོད་པ་གསུངས་ཡོད་པ་རེད།
ད་རེས་ཀྱི་ཚོགས་ཆེན་དེའི་སར་ཕྱི་ལོ་ ༢༠༡༥ ་ལོར་རྒྱ་ནག་གི་བཙོན་ཁང་ནང་སྐུ་འདས་གྲོངས་སུ་ཕེབས་པ་ཆབ་སྲིད་བཙོན་པ་ལི་ཐང་སྤུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་ཚྭ་མོ་ཉི་མ་ལྷ་མོ་ལགས་ཀྱིས། བོད་ནང་གི་ཛ་དྲག་ཆེ་བའི་ཆོས་དད་རང་དབང་མེད་པའི་གནས་སྟངས་ཁག་གསལ་སྟོན་གནང་ཡོད་པ་རེད། དེ་ཡང་ཉི་མ་ལྷ་མོ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་༧གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ཡིན་པ་དང་། ཁོང་རང་གིས་ས་གནས་སུ་སྤྱི་ཚོགས་ཞབས་ཞུ་མང་པོ་སྒྲུབ་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་ཁོང་དམར་པོའི་གཞུང་དེར་ཉེན་ཁར་རྩིས་ནས་འཇུ་བཟུང་གིས།  ཁུལ་དེ་འབར་རྫས་གས་གཏོར་གྱི་ཉེས་མིང་བཏགས་ནས་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཆད་བཏང་ཞིང་། ས་གནས་མང་ཚོགས་སྟོང་འཚོ་མང་པོས་ཞུ་སྐུལ་བྱས་ཀྱང་རྒྱ་ནག་གཞུང་གིས་ཉན་འཇོག་བྱས་མེད་པའི་ཁར། བཙོན་དུ་བཅུག་ཤིང་། མཐར་བཙོན་ཁང་ནང་དགོངས་པ་རྫོགས་པ་སོགས་ངོ་སྤྲོད་གནང་ཞིང་། ཉི་མ་ལྷ་མོ་ལགས་ཀྱིས། བོད་ནང་ཆོས་ལུགས་ཀྱི་དབུ་ཁྲིད་ནུས་པ་ལྡན་པ་དེ་དག་མེད་པ་བཟོ་སྟངས་དང་ཆོས་ལུགས་ཐོག་དམ་དྲག ཆོས་དད་རང་དབང་རྡོག་རོལ་གཏོང་སྟངས་སྐོར་སོགས་ངོ་སྤྲོད་གནང་ཡོད་ལ། ཡང་རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པཎ་ཆེན་རིན་པོ་ཆེ་ད་དུང་གློད་བཀྲོལ་མི་བྱེད་པའི་ཁར་ཁོང་གར་ཡོད་ཀྱི་གནས་ཚུལ་ཙམ་ཡང་ཕྱི་བསྒྲགས་བྱེད་ཀྱི་མེད་པའི་གནས་ལུགས་ངོ་སྤྲོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎