དཀྱིལ་ཤར་ཡུལ་གྲུ་ཨི་ཇིབ་ཀྱི་ཆབ་སྲིད་གནས་སྟངས་སྐོར།

ཁ་ཆེའི་མཆེད་གྲོགས་ཞེས་པའི་ཨི་ཇབ་ཀྱི་ཕྱོགས་འགལ་ཚོགས་པའི་འགོ་འཁྲིད་ཀྱིས་ཨི་ཇིབ་ཀྱི་སྲིད་འཛིན་ཕྱིར་ཤོལ་རྗེས་གྲོས་མོལ་བྱེད་འཆར།

2011.02.04

༄༅༎ཁ་ཆེའི་མཆེད་གྲོགས་(Muslim Brotherhood)ཞེས་པའི་ཨི་ཇིབ་ཀྱི་ཕྱོགས་འགལ་ཚོགས་པའི་འགོ་འཁྲིད་ཀྱིས་ཨི་ཇིབ་ཀྱི་སྲིད་འཛིན་མུ་སྦ་རཀ་ལས་གནས་ནས་ཕྱིར་ཤོལ་གྱིས་སྲིད་དབང་རྩིས་སྤྲོད་ཀྱི་ལས་དོན་སྤེལ་ཕྱོགས་ཐོག་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་པ་གཟའ་པ་སངས་ཉིན་གསར་འགྱུར་བརྒྱུད་ལམ་ཐོག་ནས་ཕྱིར་བསྒྲགས་བྱས་ཡོད་པ་རེད་

ཨི་ཇབ་ཀྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་མོ་ཧ་མེརྡ་སྦེ་ཌི་ཡིས་ཨེལ་ཇ་ཛི་ར་བརྙན་འཕྲིན་བརྒྱུད་ལམ་ཐོག་ ང་ཚོས་ཨི་ཇིབ་ཀྱི་ལྐོག་ཟ་རུལ་སུངས་དང་ཁྲིམས་མཐུན་མིན་པའི་ད་ཡོད་སྲིད་དབང་མགོ་རྟིང་སློག་ཏེ་སྲིད་དབང་གསར་པ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་མཁན་གྱི་སྲིད་དོན་ཚོགས་པ་ཚང་མ་དང་མཉམ་ལས་བྱ་རྒྱུའི་འདུན་པ་ཡོད་པ་གསུང་ཡོད་པ་དང་ གསར་འགོད་པས་ཨི་ཇིབ་ཀྱི་གསར་དུ་བསྐོ་བཞག་བྱས་པའི་སྲིད་འཛིན་གཞོན་པ་དང་མཉམ་ལས་གནང་རྒྱུའི་འདུན་པ་ཡོད་མེད་སྐོར་ལ་བཀའ་དྲི་ཞུས་པར་ ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཁོང་གིས་ ང་ཚོ་ཕན་ཚུན་ཐུག་ཕྲད་བྱུང་ཚེ་ང་ཚོར་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་ཅེས་ལན་འདེབས་གནང་འདུག གསར་དུ་བསྐོ་བཞག་བྱས་པའི་ཨི་ཇིབ་ཀྱི་སྲིད་འཛིན་གཞོན་པ་ཨོ་མའར་སུ་ལེ་མའན་ཡིས་གཟའ་ཕུར་བུའི་ཉིན་ཨི་ཇིབ་་གཞུང་གིས་ངོས་ལེན་མེད་པའི་ཕྱོགས་འགལ་ཚོགས་པ་ཁ་ཆེའི་མཆེད་གྲོགས་ཞེས་པ་དང་ཡང་གྲོས་མོལ་གནང་རྒྱུའི་འདུན་པ་ཡོད་ལུགས་གསུང་ཡོད་ཅིང་ ཡིན་ནའི་ཚོགས་པ་དེའི་མགྲིན་ཚབ་པས་གཟའ་ཕུར་བའི་ཉིན་ཚོགས་པ་དེས་ཨི་ཇིབ་ནང་གི་ཚོགས་པ་འདྲ་མིན་དང་མཉམ་དུ་གྲོས་མོལ་བྱ་རྒྱུའི་འདུན་པར་ཁས་ལེན་བྱུང་མེད་པའི་སྐོར་གསུང་འདུག  ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་ཁོང་གིས་གཟའ་པ་སངས་ཉིན་བརྙན་འཕྲིན་ཐོག་ཨི་ཇིབ་ཀྱི་སྲིད་འཛིན་མུ་སྦ་རཀ་ཡིས་འདས་པའི་ལོ་ངོ་༣༢རིང་ཨི་ཇིབ་ཀྱི་སྲིད་དབང་བཟུང་ཡོད་པ་དང་ ད་ཆ་ཁོང་སྲིད་འཛིན་ལས་གནས་ནས་ཕྱིར་ཤོལ་བྱ་དགོས་པ་དེ་ནི་ཨི་ཇིབ་མི་མང་ཡོངས་ཀྱི་དགོས་འདུན་ཡིན་པ་དང་ མུ་སྦ་རཀ་ག་དུས་སྲིད་འཛིན་གྱི་ལས་གནས་ཕྱིར་ཤོལ་བྱས་པ་དེ་ཉིན་ནས་ཨི་ཇིབ་དེ་བཞིན་ལྐོག་ཟ་རུལ་སུངས་ཀྱི་སྲིད་དབང་སྒེར་འཛིན་ལམ་ལུགས་འོག་ནས་ཐར་རྒྱུ་ཡིན་པ་རེད་ཅེས་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎