ཨ་མི་རི་ཀས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་འགན་ལེན་དགོས་བའི་འབོད་སྐུལ།

2021.01.27
ཨ་མི་རི་ཀས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་འགན་ལེན་དགོས་བའི་འབོད་སྐུལ། ཨ་རིའི་ཕྱི་སྲིད་ལས་ཁུངས།
སྒྲིག་བཟོ།

ཨ་མི་རི་ཀས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བར་ལྟ་སྐྱོང་འགན་ལེན་དགོས་བའི་འབོད་སྐུལ་བྱེད་བཞིན་པ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསུང་བྱུང་།
བལ་ཡུལ་ནང་བོད་མི་སྐྱབས་བཅོལ་ཆེད་འབྱོར་མཁན་ཁ་ཤས་རྒྱ་ནག་ལ་བཙན་གྱིས་ཕྱིར་སློག་རྩིས་སྤྲོད་བྱས་པའི་གནད་དོན་བྱུང་ཡོད་པ་ནི་ཨ་མི་རི་ཀས་ཧ་ཅང་བློ་འཚབ་བྱེད་གཞིར་གཟིགས་ཀྱི་ཡོད་པ་དང་། ཨ་རིའི་གཞུང་གིས་དེའི་ཐད་བལ་ཡུལ་གྱི་མཐོ་རིམ་དཔོན་རིགས་དང་མཉམ་དུས་རྒྱུན་བཀའ་བསྡུར་གནང་གི་ཡོད་ལ། བལ་ཡུལ་གཞུང་གི་ངོས་ནས་རྒྱལ་ནང་གི་ཁྲིམས་ལུགས་ལ་བརྩི་འཇོག་དང་སྐྱབས་བཅོལ་བ་རྣམས་བཙན་ཤེད་ཀྱི་སྒོ་ནས་ཕྱིར་སློག་མི་བྱེད་པའི་འགན་ལེན་བྱས་པ་ཚུད། རྒྱལ་སྤྱིའི་ཐོག་ཁས་ལེན་བྱེད་པའི་གནས་ལུགས་ཁག་མཇུག་སྐྱོང་བྱ་དགོས་པ་ཨ་མི་རི་ཀས་མུ་མཐུད་འབོད་སྐུལ་ཞུ་གི་ཡོད་ཅེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་༡ཚེས་༢༦ཉིན་ཡིག་ཐོག་གསུངས་ཡོད་པ་རེད།
དེ་བཞིན་ཨ་མི་རི་ཀའི་རྒྱལ་ཚོགས་ཀྱི་སྐུ་ཚབ་པ་(Meryn Schneiderham) ལགས་ཀྱིས། ༢༠༢༡ཟླ་༡ཚེས་༢༡ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལོ་འཁོར་བསྐྱར་ཞིབ་ཐེངས་༣༧པའི་ཐོག་བལ་ཡུལ་ཐོག་བསྐྱར་ཞིབ་ཐེངས་༣གནང་སྐབས། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་གནས་བབ་ཐད་ལ་གླེང་སློང་འདྲི་རྩད་གནང་ཡོད་ཅིང་། སྐབས་དེར་བལ་ཡུལ་སྐུ་ཚབ་ལ། བལ་ཡུལ་ནང་གི་བོད་མི་དང་འབྲུག་པ། དེ་བཞིན་སྐྱབས་བཅོལ་བ་རྣམས་དེབ་སྐྱེལ་བྱས་ནས་ཁོང་ཚོར་ལྟ་སྐྱོང་གི་མཐུན་རྐྱེན་ཁག་སྦྱོར་སྤྲོད་ཚུལ་མཐུན་དགོས་པ་དང་། བལ་ཡུལ་གཞུང་གིས་ངག་ཐོག་གི་གྲོས་མཐུན་ལྟར་བལ་ཡུལ་རྒྱལ་ནང་བོད་མི་སྐྱབས་བཅོལ་ཆེད་གསར་དུ་འབྱོར་མཁན་རིགས་སྲུང་སྐྱོབ་ཚད་ལྡན་བྱེད་དགོས་བ་དང་། དེ་ནས་བལ་ཡུལ་བརྒྱུད་འགྲུལ་བཞུད་དུ་འགྲོ་བསྐྱོད་བྱེད་དུ་བཅུག་ནས། རྒྱ་ནག་མཉམ་དུ་གྲོས་མཐུན་གང་འདྲ་བཞག་རུང་སྐྱབས་བཅོལ་བ་བཙན་གྱིས་ཕྱིར་སློག་མི་བྱེད་པའི་གྲོས་མཐུན་རྒྱུན་མཐུད་ནས་ལག་བསྟར་བྱེད་དགོས་པ་གསུངས་ཡོད་པ་རེད།
བལ་ཡུལ་གཞུང་གིས་དེ་སྔ་སྤྱི་ལོ་༢༠༠༡་དང་༢༠༡༩་བཅས་ནང་། བོད་མི་ཁག་ཅིག་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱས་པའི་གནས་ཚུལ་བྱུང་ཡོད་པ་ལྟར། རྒྱལ་སྤྱིའི་ཁྱོན་དུ་དོ་སྣང་བྱེད་གཞིར་གྱུར་ཡོད། བལ་ཡུལ་རྒྱལ་ནང་དུ་ཁྱོན་བསྡོམས་བོད་མི་ཁྲི་༢ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་གཞུང་གིས་དེ་སྔ་༡༩༩༥ཙམ་ནས་བཟུང་བོད་མི་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད།
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་༢༠༢༠ཕྱི་ཟླ་༦པའི་ནང་བཏོན་པའི་སྙན་ཐོའི་ནང་། བལ་ཡུལ་ཕྱོགས་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཆ་ནས། བལ་ཡུལ་ནང་དུ་བོད་མི་སྐྱབས་བཅོལ་བའི་གནས་བབ་ངེས་གཏན་མེད་པ་དང་། བོད་མི་དེ་དག་གི་གཞི་རིམ་གྱི་ཐོབ་ཐང་སྟེ་འགྲོ་བསྐྱོད་དང་། སྨྲ་བརྗོད་རང་དབང་ལ་དམ་དྲག་ཚོད་འཛིན་བྱེད་པའི་གནས་སྟངས་ཐད་ལ་སེམས་ཚབས་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད་ཀྱང་། ད་རེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་མཚན་ཐོག་ཡིག་ཐོག་ལན་འདེབས་གནང་བའི་ནང་། ཨ་མི་རི་ཀས་བལ་ཡུལ་གཞུང་ལ་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ལག་འཁྱེར་རམ་ངོ་སྤྲོད་ལག་འཁྱེར་སྤྲད་པ་བརྒྱུད། སྐྱབས་བཅོལ་བ་ཚོར་ལས་ཀ་དང་། ཚོང་ལས། ཤེས་ཡོན་དང་འཕྲོད་བསྟེན། སྤྱི་ཚོགས་དང་འཚོ་བའི་གནས་བབ་སྲུང་སྐྱོབ་འགན་ལེན་བྱེད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་བཀོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎