བལ་ཡུལ་དུ་སླར་ཡང་བོད་མི་༡༢༥འཛིན་བཟུང་བྱས་འདུག

བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་བལ་པོའི་ཉེན་རྟོག་པས་བོད་མི་༡༢༥འཛིན་བཟུང་བྱས་འདུག

༄༅༎དེ་རིང་མུ་མཐུད་བལ་ཡུལ་ནང་གི་བོད་མི་ཚོས་རྒྱ་ནག་གི་གཞུང་ཚབ་ཁང་གི་ཕྱི་ཕྱོགས་སུ་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་ནས་བལ་པོའི་ཉེན་རྟོག་པས་བོད་མི་༡༢༥ འཛིན་བཟུང་བྱས་ཡོད་པའི་སྐོར་རྒྱལ་ས་ཀ་ཐ་མན་གྲུ་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་དང་ཡིན་ནའང་རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ཐོག་ལ་ཁ་བྲལ་བ་བོད་མི་༥༠ ཙམ་འཛིན་བཟུང་བྱས་པའི་སྐོར་བཤད་དེ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆུང་ཆུང་ཞིག་བྱས་པའི་རྣམ་པ་དྲིལ་བསྒྲགས་བྱས་ཡོད་པ་རེད། བལ་ཡུལ་ནང་བོད་མི་ཚོས་ཕྱི་ཟླ་གསུམ་པའི་ཚེས་༡༠ རང་དབང་སྒེར་ལངས་ཉིན་མོ་ནས་འགོ་བཙུགས་ཏེ་བོད་ནང་རྒྱ་ནག་གཞུང་གིས་དྲག་ནོན་བྱས་པའི་བྱ་སྤྱོད་ལ་ཉིན་ལྟར་བཞིན་བལ་ཡུལ་རྒྱལ་སའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་ཅིང༌། དེ་ཡང་རེས་གཟའ་མིག་དམར་ཉིན་བོད་མི་བརྒྱ་ལྷག་བྱས་པའི་འགྲུལ་སྐྱེལ་སྦ་སེ་མོ་ཊ་ཁག་གཉིས་འབྱོར་ཏེ་བོད་མི་བཅིུག་གིས་རྒྱ་མིའི་དམག་ཆས་གྱོན་པ་དང་ལག་ཏུ་ཕྲུ་གུའི་རྩེད་ཆས་ཀྱི་མེ་མདའ་འཁྱེར་ཏེ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་བྱེད་སྟངས་ཀྱི་གདུག་རྩུབ་ཆེ་བའི་བྱ་སྤྱོད་རྣམས་གཏམ་བརྗོད་ཀྱི་ཐོག་ནས་འཁྲབ་སྟོན་བྱས་ཡོད་པ་དང་རྒྱ་མིའི་གཞུང་ཚབ་བར་གོམ་བགྲོད་ལས་འགུལ་སྤེལ་ཐབས་བྱས་ཀྱང་བལ་པོའི་ཉེན་རྟོག་པས་སྔར་རྒྱུན་བཞིན་བཀག་འགོག་བྱས་པ་དང་བོད་མི་༢༦༢ ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་རིང་ཡང་མུ་མཐུད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་བལ་པོའི་ཉེན་རྟོག་པས་བོད་མི་རྣམས་རྒྱ་མིའི་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་འགྲོ་བསྐྱོད་མི་ཆོག་པའི་བཀག་འགོག་བྱས་པ་མ་ཟད། ཁོང་ཚོ་འཛིན་བཟུང་བྱས་ཏེ་ཉེན་རྟོག་པའི་མོ་ཊ་སྒུག་སྡོད་བྱེད་པའི་ནང་བླུགས་པའི་སྐབས་ང་ཚོར་རང་བཙན་དགོས། བོད་ནང་དྲག་གནོན་བྱ་སྤྱོད་མཚམས་འཇོག་བྱ་དགོས་ཞེས་པའི་སྐད་འབོད་བྱས་ཡོད་པ་རེད།